བོད་མི་སྤྱི་ཡོངས་ལ་གནང་བའི་གསུང་འཕྲིན།

ཤེལ་རིན་ཆེན་རྡོ་རྗེས་ཡི་གེར་ཕབ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་གནམ་ལོའི་གསར་ ཚེས་ཀྱི་ས་མོ་ཕག་གི་ལོའི་བོད་ཟླ་ ༡ པོའི་ཚེས་ ༡༥ སྟེ། སྤྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༩ ཉིན་བཞུགས་སྒར་ ཐེག་ཆེན་གཙུག་ལག་ཁང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དེའི་ཚོགས་མགོན་དུ་ཕེབས་ནས་སྟོན་པའི་སྐྱེས་རབས་དང་། རྟེན་འབྲེལ་བསྟོད་པ། བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་གསུང་ཆོས་ བསྩལ་སྐབས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་སྤྱི་ཡོངས་སུ་དམིགས་བསལ་གསུང་འཕྲིན་བསྩལ་བའི་དུམ་བུ་ཞིག་ཡི་གེར་ཕབ་པ།

ང་ཚོ་བཙན་བྱོལ་བ་ཆགས་ཚར་པ་རེད། བཙན་བྱོལ་བ་ཆགས་ཚར་པའི་མཇུག་ཏུ་བཅན་བྱོལ་བ་དོན་གོ་ ཆོད་པ་ཞིག་བྱུང་བ་ཡིན་ན་དེ་ནས་ཡག་པོ་འདུག་ཨཱ། གཞིས་ལུས་རྒྱ་ཆེའི་མི་མང་གི་བློ་གཏོད་བཅོལ་ས་སྟེ། བཙན་བྱོལ་དུ་ཡོད་པའི་བོད་པ་དེ་དག་སྲ་ཐག་ཐག་ཅིག་ཡོད། བོད་ཀྱི་ཆོས་དང་རིག་གཞུང་དེ་འཛམ་བུ་གླིང་ འདི་ལ་མངོན་ཆོག་ཆོག་སྟེ་སྟོན་རྒྱུ་ཡོད་པ་ཞིག་ཡོད་བསམ་པ་བཅས་བྱུང་ན། བོད་གཞིས་ལས་རྒྱ་ཆེའི་མི་ མང་གི་སེམས་སུའང་དངོས་ནས་སྤྲོ་བ་སླེབས་ཡ་དང་། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་དེ་དང་ འབྲེལ་བའི་བོད་ཀྱི་སྐད་ཡིག་དེ་ནམ་ཡང་ནུབ་ས་མ་རེད་བསམ་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་སྙིང་སྟོབས་བསྐྱེད་ས་ཞིག་ཆགས་ཡོང་གི་འདུག་བ།

ང་རང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་དེ་དག་གིས་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་གི་སྲོག་དང་བསྡོང་སྟེ་སྙིང་སྟོབས་བསྐྱེད་བསྡད་པ་དེ་མཐོང་ཡོང་དུས། ང་རང་ཚོ་ཡིན་ནའང་། ཨ་ཙེ་་་ང་རང་ཚོ་རང་དབང་ལུང་པའི་ ནང་ལ་སླེབས་བསྡད་ཡོད་རེད། ད་ང་ཚོས་ཧུར་ཐག་འབད་ཐག་མ་བྱས་ན་འགྲིག་གི་མ་རེད་བསམ་པ་ཞིག་ གི་སྙིང་སྟོབས་སླེབས་ཡ་ཞིག་འདུག་བ།

བྱས་ཙང་། གང་ལྟར་ཡག་ཉེས་བོད་མི་ས་ཡ་དྲུག་ལྷག་གི་དཀའ་ལས་ཁག་པོའི་དུས་ཚོད་ཅིག་གི་སྐབས་སུ་ ང་ཚོ་ཚང་མ་ཚུར་རྡོག་སྒྲིལ་པའི་དུས་ཚོད་ཅིག་ཆགས་བསྡད་ཡོད་རེད། དེ་སྔ་དཔེར་ན། ང་སྐྱེས་སའི་ཟི་ ལིང་གྲོང་ཁྱེར་ལྟ་བུ་ལ་མཚོན་ནའང་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཡོད་མ་རེད། བཞད་མོའི་ཚུལ་དུ། ད་ལྟ་ ང་ཚོར་རྐྱེན་ངན་གྲོགས་ལ་ཤར་ཏེ་བོད་ཆོལ་ཁ་གསུམ་མམ་བོད་པ་ཡོངས་རྫོགས་ཚུར་རྡོག་ཏུ་སྒྲིལ་བསྡད་ཡོད་པའི་དུས་ཚོད་ཅིག་ཆགས་འདུག དེ་རྐྱེན་ངན་གྲོགས་ལ་ཤར་བ་རེད། ང་ཚོའི་མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་སྙིང་སྟོབས་ཧ་ལས་པ་ཞིག་རེད་ཤག

ང་ཚོའི་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་དེས་རང་རྒྱལ་དང་གཞན་ཕམ་ཟེར་གྱིན་ཡོད་མ་རེད། རྒྱ་ཆེ་ས་ ནས་མི་མང་པོ་ལ་ཕན་ཐོགས་ཡ་ཡོད་པ་ཞིག་གི་བསམ་བློ་གཏོང་གི་ཡོད་རེད། ཁ་ཡོད་ལག་ཡོད་ཀྱི་རྒྱ་མི་ རིགས་དེ་དག་ང་ཚོ་ལ་བཙན་གནོན་གཏོང་མཁན་འདྲ་ཞིག་ཆགས་བསྡད་ཡོད་རེད་དེ། སྤྱི་ཡོངས་ཀྱི་རྒྱ་མི་ རིགས་དེ་ང་ཚོའི་ཆོས་རྒྱལ་སྐབས་ནས་ཀྱང་འབྲེལ་བ་བཟོས་ནས་ཞེ་དྲགས་གྲོགས་པོ་བཟོས་ཡོད་རེད་ལ། གྲོགས་པོ་ཆགས་བསྡད་ཀྱང་ཡོད་རེད། དེ་རིང་ཁ་རྩང་གི་དུས་ཚོད་ལ་ཆ་བཞག་ནའང། རྒྱ་རིགས་ས་ཡ་བཞི་ བརྒྱ་མ་ཟིན་ཙམ་གྱི་ནང་པ་ཞེ་དྲགས་ཕོན་ཆེན་པོ་འདུག་བ། དེ་ཚོས་དོ་སྣང་ཆེན་པོ་ཞེ་དྲགས་བྱེད་ཀྱིན་ འདུག་བ། དེ་ཚོ་དང་ང་ཚོའི་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་ཐུབ་ཡ་ཞིག་ཏན་ཏན་ཡོད་རེད། ཤེས་སོང་བ།

དེ་འདྲ་ཡིན་དུས། སྤྱི་ལོ ༡༩༧༤ ལོ་ནས་བཟུང་ང་ཚོས་བོད་རང་བཙན་རྩོད་ཀྱི་མིན་ད། ད་ང་ཚོ་ཀྲུང་ ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚིག་དེའི་འོག་ནས་ང་ཚོ་ལ་ཐོབ་ཐང་འདྲ་མཉམ་ཡོད་པ་ཞིག་བྱུང་ན་ང་ཚོར་རྒྱལ་ཁབ་གཅིག་གྱུར་དེའི་འོག་ལ་དགེ་མཚན་འདུག་ཅེས་བཤད་བསྡད་པ་དེའི་རྒྱུ་མཚན་དེ་རེེད། ང་ཚོས་སེམས་ཅན་ཐམས་ཅད་ཟེར་གྱིན་ཡོད་བ། ང་ཚོས་ཚད་མེད་ཡེ་ཤེས་འདོན་པའི་ཁ་ཐུག་ལ་སེམས་ ཅན་ཐམས་ཅད་ཟེར་གྱིན་ཡོད་དམ། བོད་པ་གཅིག་པོ་ཟེར་གྱིན་ཡོད། དེ་ནས་བོད་པའི་ནང་ནས་ཀྱང་ཁམས ་པ་གཅིག་པོ་ལབ་ཡ། ཨ་མདོ་གཅིག་པོ་ལབ་ཡ། དབུས་གཙང་གཅིག་པོ་ལབ་ཡ། དབུང་གཙང་ནས་ཀྱང་ ཡང་སྟོད་པ་གཅིག་པོ་ལབ་ཡ་ང་ཚོས་དེ་འདྲ་མ་རེད་བ། སེམས་ཅན་ཐམས་ཅད་ལབ་བསྡད་ཀྱི་ཡོད་རེད་བ། དེ་སྐྱག་རྫུན་མ་རེད་བ། ཁ་ཞེ་གཉིས་མེད་རེད་བ། བྱ་དང་རི་དྭགས་དེ་འདྲ་མཐོང་ཡོང་དུས་ད་ག་རེ་བྱེད། སྨོན་ལམ་རྒྱག་སྡོད་ཡ་ལས་གཞན་གང་ཡང་བྱེད་རྒྱུ་མི་འདུག་བ། ད་ཐབས་ཤེས་བྱེད་རྒྱུ་ཡོད་སྡོད་པ་དེ་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་དེར་སྐད་མི་འདྲ་བ་ཡོད་ནའང་། སྐད་ཅིག་ཡོད་པ་ཡིན་ཙང་ང་ཚོ་མིའི་ཀླད་པ་གཅིག་པ་ཡིན་དུས་ང་ཚོས་ཕན་ཚུན་འབྲེལ་བ་བྱེད་ཐུབ་ཡ་གཅིག་དང་ཕན་ཐོགས་སྒྲུབ་ཐུབ་ཡ་ཞིག་ཡོད་རེད་བ། དེ་འདྲ་ཡིན་དུས། ཁ་ཡོད་ལག་ཡོད་ཀྱིས་གཞན་ཕན་ག་ ཚོད་སྒྲུབ་ཐུབ་ན་དེའི་སྟེང་ལ་བསམ་བློ་གཏོང་དགོས་པ་རེད་བ།

བྱས་ཙང་། རྒྱ་མི་རིགས་ལོ་རྒྱུས་ཀྱི་སྟེང་ནས་ནང་པ་རེད། བོད་དང་ཞེ་དྲགས་འབྲེལ་ཡོད་རེད། དེ་འདྲ་ཡིན་ དུས། ཆབ་སྲིད་ཀྱི་རྒྱུ་མཚན་སྟེང་ནས་ང་ཚོས་ཕན་ཚུན་རང་ཕྱོགས་དང་གཞན་ཕྱོགས་ཟེར་ནས་རྒྱ་ཆེན་པོ་ བཤད་དགོས་པའི་དགོས་པ་གང་ཡང་མི་འདུག ང་ཚོའི་གྲོགས་པོ་གཅིག་གི་ངོས་ནས་ང་ཚོའི་བདེ་སྡུག སྡུག་བསྔལ་སེལ་ཐུབ་པ་དང་བདེ་བ་སྒྲུབ་ཐུབ་པ། དེ་ཡང་ཕན་ཚུན་གཉིས་ཕན་གྱི་སྟེང་ནས་ང་ཚོས་སྒྲུབ་ ཐུབ་པའི་རྒྱུ་མཚན་ཡོད་རེད།

དེ་རིང་ཁ་སང་རྒྱ་མི་རིགས་མང་པོ་ཞིག་གིས་ང་ཚོར་དོ་སྣང་གསར་པ་ཞིག་སླེབས་ཡོང་གི་འདུག་བ། ང་ཚོར་ བདེན་པ་ཡོད་རེད། མཐའ་གཅིག་ཏུ་ང་ཚོས་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་བཤད་ཀྱིན་མེད་བ། དེ་འདྲ་ཡིན་ དུས། ང་ཚོ་བོད་མི་རིགས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བཤད་ཀྱི་ཡོད་རེད། བཤད་པ་ ནང་བཞིན། སྔོན་གྱི་རྒྱལ་སྲས་བྱུང་ཆུབ་སེམས་དཔའི་ཚོགས་དེ་དག་གིས་བོད་མི་རིགས་འདི་དངོས་ནས་ ཙོག་ཙོག་བཟོས་ཤག

དུས་ཚོད་ཁག་པོ་ཞེ་དྲགས་ཤིག་གི་སྐབས་སུ་ང་ཚོའི་མི་རབས་འདིས་དཀའ་ངལ་ཞེ་པོ་མྱངས་པ་རེད་དེ། ཡིན་ནའང་། བོད་པའི་ཁ་དཔེ་ལ།“མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་རྐེད་པ’’་ཟེར་བ་ནང་བཞིན། ང་ཚོ་འཛམ་བུ་གླིང་འདིའི་ནང་དུ་མགོ་བཀྱགས་བཀྱགས་བྱས་ནས་བསྡད་ཡོད་ད། རྒྱ་མི་རིགས་དེ་ཚོའི་ནང་ ནས་ཀྱང་བློ་གཟུ་བོར་གནས་མཁན་ཚོས་དངོས་ནས་ཡིད་སྨོན་སྐྱེ་ཡ་ཞིག་ཆགས་བསྡད་ཡོད་ད། ཤེས་སོང་ང།

དེ་འདྲ་ཡིན་དུས། ད་སྔ་ཕན་ཆད་ང་ཚོའི་སྒྲིག་འཛུགས་ཀྱི་སྟེང་ནས་བཤད་པ་ཡིན་ནའང་ཚང་མས་ཧུར་ ཐག་འབད་ཐག་གནངས་སོང་། ང་ཚོའི་མི་རབས་ཁ་ཤས་ཕྱིན་པ་རེད། ཚང་མས་ཧུར་ཐག་འབད་ཐག་ གནངས་པ་རེད། དེའི་གྲུབ་འབྲུས་སུ་ང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ། གོང་བུའི་ནུས་པ་ གཅིག་ཏུ་འདྲིལ་ནས་བསྡད་ཡོད་རེད། དེ་ཡང་ཆབ་སྲིད་ཀྱི་གནས་དོན་གཅིག་པོ་མ་ཡིན་པར། རྒྱ་ཆེ་ས་ ནས་ཆོས་དང་རིག་གཞུང་གིས་འཛམ་བུའི་གླིང་སྤྱི་ལ་ཕན་ཐོགས་གང་འཚམ་སྒྲུབ་ཐུབ་པའི་དུས་མཚམས་སུ་ སླེབས་བསྡད་ཡོད་རེད།

ངས་རྟག་པར་འདི་ལྟར་བཤད་བསྡད་ཡོད། འཕགས་པ་སྤྱན་རས་གཟིགས་ཀྱི་འདུ་ཤེས་ཀྱི་ངོས་ནས་ང་ཚོར་ ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་བསྡད་ཡོད་རེད། ང་ཚོའི་མི་རབས་འདིས་མིག་དཔེ་བྱས་ཡོད་པ་ངས་རྟག་པར་དེ་དྲན་གྱི་འདུག ཤེས་སོང་ང་། དེ་འདྲ་ཡིན་དུས། དེ་རིང་འདི་གར་ཁྱེད་ཅག་བཀའ་བློན་ཚོ་རེད། གྲོས་ཚོགས་ཀྱི་རྣཔ་པ་ཚོ་བཅས། ཁྱེད་རང་ཚོ་དང་ང་ཚོ་ཚང་མ་འདིར་འཛོམས་ཡོད་རེད། ང་ཚོའི་མི་རབས་ནས་མི་རབས་བརྒྱུད་བདེན་དོན་བརྩད་དེ་བདེན་དོན་ལ་མཐའ་འཁྱོལ་བ་ཞིག་ད་ལྟ་བར་ཏུ་ བྱུང་བ་རེད། དེ་འདྲ་ཡིན་དུས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ། ད་དུང་ཡིན་ནའང་། ཚང་མས་སེམས་ཤུགས་ བསྐྱེད་ནས་ཧུར་ཐག་གནང་རོགས། བློ་རྒྱ་བསྐྱེད་ནས་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཤག གཅིག་ཁོ་ན་གུ་ དོག་པོ་བྱས་ནས་བསམ་བློ་གཏོང་སྡོད་པ་མ་ཡིན་པར། བློ་རྒྱ་བསྐྱེད་ནས་བསམ་བློ་བཏང་པ་ཡིན་ན། ང་ཚོའི་བདེན་མཐའ་གསལ་ལ་ཉེ་བའི་མཚམས་སུ་འགྲོ་སྡོད་ཀྱིན་ཡོད་རེད།

དེ་ནས་གཙོ་ཆེ་ཤོས། དཔལ་ན་ལེནྜའི་ཆོས་བརྒྱུད་འཛིན་མཁན་དེ་དག་ས་དགེ་བཀའ་རྙིང་རིས་སུ་མ་ཆད་ པའི་གཞུང་ཆེན་བཅུ་གསུམ་ལ་སློབ་གཉེར་གནང་མཁན་ཚོ་རེད། ཚིག་རྐྱང་རྐྱང་གི་འདོན་པ་རྐྱང་རྐྱང་བཏོན་ ནས་ན་ལེནྜའི་ཆོས་རྒྱུད་འཛིན་ཐུབ་ཀྱི་ཡོད་མ་རེད། དཔེར་བཞག་ན། ན་ལེནྜའི་པཎ་གྲུབ་བཅུ་བདུན་གྱི་ མགོན་པོ་ཀླུ་སྒྲུབ་དབུ་ལ་བཞུགས། ཨརྱ་དེ་ལྦས་དེའི་མཁྲིས་སུ་ཨོ་་་་(དབུ་མཛད་ཀྱི་གདངས་བཏང་ནས།) དེ་འདྲ་ཞིག་ཕར་ཆེར་ཡོད་མ་རེད། བཞད་མོ་དང་མཉམ་དུ། དེ་ཚོས་གཞུང་ཆེན་སློབ་སྦྱོང་བྱས་པ་རེད། ཀླུ་སྒྲུབ་འགྲེལ་བཤད་བསྐྱོན་ཏེ་ཁོང་ཚོ་ལ་ཆོས་མར་ཁྲིད། ཁོང་ཚོས་དེ་ལ་གསན་གྱིན་གསན་གྱིན། ཡང་ཟིན་ བྲིས་བསྐྱོན་གྱིན་བསྐྱོན་གྱིན་མར་ཡི་གེར་ཕབ། ཡང་ཁོ་རང་ཚོའི་བསླབས་པ་མར་སྤེལ། དེ་འདྲ་བྱས་ནས་ ཡོང་པ་རེད། ང་རང་ཚོའི་པཎ་གྲུབ་བཅུ་བདུན་གྱི་གཞུང་ཆ་ཚང་ལ་ལྟ་མཁན། སྔ་མོ་ཡིན་ན་ས་སྐྱ་དཔེ་ཡག་ པོ་ཡོད་རེད། བར་སྐབས་ཤིག་ནས་ཉམས་པ་རེད། གཞན་ས་པན་རང་ཉིད་ཀྱིས་ཚད་མ་རིག་གཏེར་མཛད་ བཞག་འདུག་བ། ཚད་མ་ལ་ཞེ་དྲག་ཐུག་སྣང་གནང་འདུག་བ། རྗེས་སུ་དགེ་འདུན་པ་ཚོ་ཡག་ཤོས་ཆགས་ བསྡད་ཡོད་རེད། ང་ཚོ་བཙན་བྱོལ་ཆགས་ནས་ཀྱང་གདན་ས་གསུམ་གཙོ་བོར་གྱུར་ནས་གཞུང་ཆེན་ལྟ་ མཁན་གྱི་དགོན་པ་དེ་དག་ན་ལེནྜའི་ཆོས་བརྒྱུད་འཛིན་མཁན་དངོས་ནས་དེ་རེད། ད་ལྟ་བར་དུ་ཧུར་ཐག་ བྱས་པ་རེད། ད་དུང་ཡིན་ནའང་། ཚང་མས་ཧུར་ཐག་བྱོས། སོ་སོ་ཡིན་ནའང་གཞུང་དེ་དག་སྦྱངས་ནས་ འདི་ཕྱི་གཉིས་ཡོད་པ་ཞིག་ཆགས་པ་རེད། མི་གཞན་པ་ཞིག་ལ་ཐུག་ནའང་ཁ་ཀྱོག་ཀྱོག་བྱས་ཏེ་བཤད་ཐུབ་ པ་ཞིག་དེ་འདྲ་བྱུང་ན་བསྟན་པའི་ཞབས་འདེགས་སྒྲུབ་པ་ཆགས་ཀྱི་ཡོད་རེད། དེ་གལ་ཆེན་པོ་རེད། དེ་འདྲ་བྱོས།

བསྐྱར་བཅོས།: ༢༠༡༩/༠༢/༢༡

Leave a Reply to ABHARU JIGWANG Cancel Reply

One thought on “བོད་མི་སྤྱི་ཡོངས་ལ་གནང་བའི་གསུང་འཕྲིན།

  1. ༄༅། ༧སྐྱབས་མགོན་རིན་པོ་ཆེ་བཀའ་དྲིན་ཆེ། ཐུགས་རྗེ་ཆེ།
    ཁྱེད་ནི་བླ་མ། ཁྱེད་ནི་ཕ་མ། ཁྱེད་ནི་དགེ་རྒན། ཁྱེད་ནི་གཉེན་སྤུན།
    ནམ་ཡང་བོད་གངས་ཅན་པ་རྣམས་ཐུགས་ནས་འཛིན་རོགས། སྐྱོབས་རོགས།