པོ་ཏ་ལའི་དཔེ་རྙིང་ཆ་འཕྲིན་ཅན་ཏུ་བསྒྱུར་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་བོད་ཀྱི་ཤུལ་བཞག་རིག་དངོས་རྩ་ཆེན་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་རྣམས་ལ་བདག་གཅེས་བསྐྱར་གསོ་དང་འབྲེལ་ཆ་འཕྲིན་ཅན་དུ་བསྒྱུར་རྒྱུ་ཡིན་པའི་དྲིལ་བསྒྲགས་བྱས་འདུགཁ་སང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་རྣམས་བདག་གཅེས་དང་བེད་སྤྱོད་ཆེད་ལོ་ ༡༠ རིང་རྒྱ་སྒོར་ས་ཡ་ ༣༠༠ ཙམ་གྱི་འགྲོ་གྲོན་བཏང་སྟེ། དཔེ་རྙིང་ལ་སྔོན་འགོག་བདག་གཅེས་དང་བསྐྱར་གསོ། བོད་ཡིག་དང་རྒྱ་ཡིག་གི་དཔེ་རྙིང་གྲངས་ ༢༨༠༠ ཙམ་ཆ་འཕྲིན་ཅན་ཏུ་བསྒྱུར་རྒྱུ་ཡིན་སྐོར་བསྒྲགས་འདུག

ད་ལྟའི་ཆར་ལས་གཞི་དེ་ག་དུས་ལག་བསྟར་བྱེད་ཀྱི་ཡོད་པ་སོགས་ཁ་གསལ་བཀོད་མི་འདུག་ཀྱང་། ཕོ་བྲང་པོ་ཏ་ལ་དོ་དམ་ལྷན་ཁང་ཟེར་བ་དེས། ད་ལྟ་ཕོ་བྲང་པོ་ཏ་ལའི་ནང་བོད་ཡིག་དང་རྒྱ་ཡིག མན་ཇུའི་ཡི་གེ་དང་སོག་ཡིག དེ་བཞིན་ལེགས་སྦྱར་གྱི་ཡི་གེ་བཅས་ནང་དཔེ་རྙིང་རྩ་ཆེན་དེབ་གྲངས་ཁྲི་ ༤ ཙམ་བདག་ཉར་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

ཕོ་བྲང་པོ་ཏ་ལ་དོ་དམ་ལྷན་ཁང་གི་ཚོགས་གཞོན་འབྱོར་ལྡན་ (Jorden) ཞེས་པ་ཞིག་གིས། གནའ་དཔེ་ཚོ་ནི་བྱིན་ཅན་ཡིན་པ་ཙམ་ཁོ་ན་མིན་པར་རྒྱ་ནག་དང་ས་ཁོངས་གཅིག་ཏུ་སྒྲིལ་ཡོད་པ་ར་སྤྲོད་དང་རྒྱབ་རྟེན་བྱེད་པའི་རིན་ཐང་ཅན་གྱི་ལོ་རྒྱུས་ཡིག་ཚགས་ཡིན་ལ། རྒྱ་ནག་གི་སྣ་མང་རིག་གཞུང་ཉར་ཚགས་དང་མི་རབས་རྗེས་མ་ཚོར་བརྒྱུད་སྤྲོད་བྱ་བར་གནའ་དཔེ་སྲུང་སྐྱོབ་དང་འོས་འཚམ་གྱི་བེད་སྤྱོད་གཏོང་གལ་ཆེ་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༨ ནས་ ༡༩༩༣ ལོའི་བར་གྱི་ཞིག་གསོའི་སྲིད་བྱུས་ཀྱི་འོག་ནས་ཕོ་བྲང་པོ་ཏ་ལར་བསྐྱར་གསོ་ཞེས་པའི་མགོ་བཙུགས་ཏེ། ཕྱི་ལོ་ ༢༠༠༠ ལོར་ཕོ་བྲང་ནང་གི་སྡེབས་རིས་དང་བརྐོས་རིས་མང་པོ་ཞིག་བསྐྱར་ཏུ་བྲིས་ཡོད་པ་དང་། སྐབས་དེར་བོད་ལུགས་ཀྱི་སྒྱུ་རྩལ་ལ་ཉམས་མྱོང་མེད་པའི་དབང་གིས་སྡེབས་རིས་འགའ་ཤས་ལ་རྒྱ་ནག་གི་རི་མོའི་སྒྱུ་རྩལ་བ་ཚོས་སྐྱོན་ཆེན་པོ་བཟོས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་དང་འགྲིམ་འགྲུལ་སྟབས་བདེ་སོགས་ལ་ཁ་གཡར་ཏེ། ཕོ་བྲང་པོ་ཏ་ལའི་འོག་ཏུ་ཤར་ནས་ནུབ་ལ་སྦྲེལ་བའི་ས་འོག་གཞུང་ལམ་ཞིག་བཟོ་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཆུ་ལོག་བྱུང་སྟེ་པོ་ཏ་ལའི་ཉེ་འཁོར་གྱི་ས་ངོས་སུ་སེར་ག་ཆེན་པོ་གས་པ་དང་། ཕོ་བྲང་གི་བརྟན་གནས་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པའི་སེམས་འཚབ་བསླངས་ཡོད་པ་རེད། ཡིན་ནའང་། ས་འོག་གཞུང་ལམ་དེས་པོ་ཏ་ལར་གནོད་སྐྱོན་ཅི་ཙམ་ཐེབས་ཉེན་ཡོད་མིན་ལ་མ་ལྟོས་པར་ཕྱི་ལོ་ ༢༠༡༠ ཟླ་ ༥ པའི་ནང་གཞུང་ལམ་གྱི་ལས་གཞི་གྲུབ་ནས་དགའ་སྟོན་གྱི་མཛད་སྒོ་རྒྱ་ཆེན་པོ་སྤེལ་ཡོད་པ་རེད།

དེ་བཞིན། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལའི་ནང་གི་ཁྲི་ ༡༠ ཙམ་ལ་ཉེ་བའི་གནས་སྤོར་ཆོག་པའི་གནའ་བོའི་ཤུལ་བཞག་རིག་དངོས་ཞེས་པ་ཡོད་ཚད་ལ་ཞིབ་བཤེར་དང་ཐོ་འགོད་བྱེད་པའི་ལས་གཞི་ཞིག་སྤེལ་སྟེ། པོ་ཏ་ལའི་ནང་གི་རིག་དངོས་ཡོངས་རྫོགས་ཀྱི་མིང་དང་ཆེ་ཆུང་། ཡོང་ཁུངས། ཆ་ཚང་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ལ་ཞིབ་བཤེར་དང་ཐོ་འགོད། ཡིག་ཚགས་གསར་བཟོ་བྱས་ཡོད་པ་མ་ཟད། ལས་གཞི་དེ་གྲུབ་རྗེས་པོ་ཏ་ལའི་ནང་གི་རིག་དངོས་ནས་ལྷ་སྐུ་མང་པོ་ཞིག་སྔོན་མའི་ཤུལ་ནས་གང་དུ་འཁྱེར་བ་སོགས་མ་ངེས་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༢/༢༦

Leave a Reply