ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་ ༧ པ་བསྡུས།

སྨོན་ལམ་ཚིག་མཛོད་བེད་སྤྱོད་གཏོང་མཁན་མང་པོ་ཡོད་ཀྱང་ཕལ་ཆེ་བས་བེད་སྤྱོད་ལེགས་པོ་གཏོང་ཤེས་ཀྱི་མེད་པས་འདི་ལོར་སློབ་གྲྭ་དང་ཚོགས་སྡེ་སོགས་ཀྱི་ནང་ཟབ་སྦྱོང་ལྟ་བུ་སྤྲོད་རྒྱུའི་འཆར་གཞི་འདུགདེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་དྷ་སའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་ ༧ པ་མགོ་འཛུགས་གནང་བ་དང་། ཉིན་གྲངས་ ༢ རིང་གི་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱི་དབུས་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣ་སོགས་མི་གྲངས་ ༣༠ ཡས་མས་ཤིག་འཛོམས་འདུག

ཚོགས་འདུའི་ཐོག་མར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་སྐབས། འདས་པའི་ལོ་དྲུག་གི་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་བྱེད་ཕྱོགས་དེ་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད་ཀྱང་། བསམ་པ་ནང་བཞིན་གྱི་སྤུས་དག་པོ་ཆགས་མེད་པ་རེད། ཡིན་ན་ཡང་ང་ཚོས་ལོ་ ༩ ་རིང་ཤུགས་བརྒྱབས་པ་ཡིན་ན། རྒྱུ་ཆ་དང་འགྲོ་སྟངས། དེ་བཞིན་ཉམས་མྱོང་སོགས་ཕུན་སུམ་ཚོགས་པ་ཆགས་རྒྱུའི་རེ་བ་འདུག ང་ཚོའི་རེ་བ་ལ་རབ་ཏུ་བྱུང་ན་མི་འགའ་ཤས་ཀྱི་མི་ཚེ་ཧྲིལ་པོ་ཚིག་མཛོད་དེའི་ཐོག་བསྐྱལ་ན། ཕལ་ཆེར་ལོ་ ༡༥ དང་ ༢༠ རྗེས་ལ་ཚད་ལྡན་ཞིག་ཆགས་རྒྱུའི་རེ་བ་འདུག ཅེས་དང་། ང་ཚོས་ལས་འཆར་འདི་བྱེད་པ་ཙམ་མིན་པར། ཚིག་མཛོད་དེ་བེད་སྤྱོད་གཏོང་མཁན་གྱི་ཁྱབ་ཚད་དང་། སྤྱི་ཚོགས་ཐོག་ལ་ནུས་པ་ཐོན་དགོས་ཀྱི་ཡོད་པ་ཡང་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། ང་ཚོས་རང་གི་ནུས་པ་ཡོད་ཚད་བཏོན་དགོས་པ་རེད། ཅེས་གསུངས་སོང་།

གཞན་ཡང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་འདས་པའི་ལོ་གསུམ་གྱི་རིང་ང་ཚོ་འགན་འཁུར་མཁན་དང་། རྩོམ་སྒྲིག་པའི་ཤེས་ཡོན་གནས་ཚད་སོགས་ཀྱི་ཐད་ལ་དཀའ་ངལ་གང་བྱུང་མིན་སོགས་ལ་གོ་བསྡུར་བྱ་རྒྱུ་ཡིན་པ་དང་། དེ་བཞིན་འདི་ལོར་ཚིག་མཛོད་རྩོམ་སྒྲིག་པས་ས་གནས་སོགས་ལ་སྐོར་བསྐྱོད་བྱ་རྒྱུ་ཡིན་སྐོར་དང་། ཚིག་མཛོད་བེད་སྤྱོད་གཏོང་མཁན་མང་པོ་ཡོད་ཀྱང་། མང་པོ་ཞིག་གིས་བེད་སྤྱོད་གཏོང་མི་ཤེས་པའི་དཀའ་ངལ་ཡོད་པར་བརྟེན། སློབ་གྲྭ་དང་ཚོགས་སྡེ་སོགས་ཀྱི་ནང་ཟབ་སྦྱོང་ལྟ་བུ་སྤྲོད་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་སོང་། ཡང་ཁོང་གིས། འདི་ལོའི་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ལས་འཆར་གཙོ་བོ་དེ་ཐ་སྙད་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱ་རྒྱུ་ཡིན་པ་དང་། དེའི་ཆེད་དུ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཏུན་ཧོང་གི་ཡིག་ཆ་རྣམས་གློག་ཀླད་ནང་ཕབ་འཇུག་བྱས་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་ཡང་གཙོ་བོ་ཐ་སྙད་རྣམས་གློག་ཀླད་ཀྱིས་འཚོལ་ཞིབ་བྱེད་ཆེད་ཡིན་སྐོར་དང་། དེ་བཞིན་ཚོགས་འདུ་འདིའི་ཐོག་རྩོམ་སྒྲིག་པའི་མིང་འཁོད་མ་འཁོད་ཀྱི་གནད་དོན་དང་། ཚིག་མཛོད་རྩོམ་སྒྲིག་བྱེད་ཕྱོགས་སོགས་ཀྱི་ཐད་ལ་གོ་བསྡུར་ཞིབ་ཕྲ་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

དེའི་རྗེས་ཚོགས་འདུའི་དམིགས་བསལ་སྐུ་མགྲོན་དང་སྨོན་ལམ་ཚིག་མཛོད་ཆེན་མོའི་སློབ་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚིག་མཛོད་རྩོམ་སྒྲིག་གི་གལ་གནད་རང་བཞིན་དང་། རྩོམ་སྒྲིག་བྱེད་ཕྱོགས་སོགས་ཀྱི་སྐོར་ནས་ལམ་སྟོན་གསུང་བཤད་གནང་སྐབས། བོད་མི་རིགས་འདི་མགོ་བཀྱག་བཀྱག་ཅིག་བཟོ་དགོས་ཚེ། ཆོས་དང་རིག་གཞུང་། ཡོན་ཏན་གྱི་ཐོག་ནས་བཟོ་དགོས་པ་ལས་གཞན་གྱི་ཐོག་ནས་བཟོ་རྒྱུ་ཁག་པོ་ཡིན་སྐོར་དང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དང་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་བྱེད་མཁན་རྣམས་ཀྱིས་ལོ་དུ་མའི་རིང་དཀའ་ལས་བརྒྱབས་པར་བརྟེན། ད་ལྟ་འབྲས་བུ་བཟང་པོ་ཞིག་ཐོབ་ཡོད་སྐོར་དང་། དེ་བཞིན་ཐ་སྙད་ནི་རིག་གཞུང་ཀུན་གྱི་གཞི་རྩ་ལྟ་བུ་ཡིན་པས། དེར་དོན་ཆུང་དུ་བལྟ་མི་རུང་བ་དང་། ཚིག་མཛོད་རྩོམ་སྒྲིག་བྱེད་སྐབས་འཕྲལ་སེལ་ལྟ་བུ་མིན་པར་ཐ་སྙད་རེ་རེའི་འགྲེལ་བརྗོད་ཡིན་ཡང་སྤུས་དག་པོ་འབྲི་དགོས་པ་དང་། དུས་རྒྱུན་སྤྱོད་རྒྱུག་ཆེ་བའི་ཐ་སྙད་དཀྱུས་མ་དག་དོན་ཆུང་དུ་མི་བསམ་པར་ཐ་སྙད་གཞན་སྤྱི་མཚུངས་ལྟར་སྒྲིག་དགོས་པ། གཞན་ཡང་བོད་ཀྱི་བརྡ་རྙིང་དག་སོར་འཇོག་མ་བྱེད་པར་གསལ་ཁ་བཏོན་ཏེ་གསོན་པོ་བཟོ་དགོས་པ་དང་། ནུབ་ཕྱོགས་ཀྱི་ཡོད་ཚད་ལ་དཔེ་མ་བལྟས་པར་རང་འཚམ་གྱི་ཐག་གཅོད་བྱེད་དགོས་པ། དེ་བཞིན་གནས་སྐབས་དགོས་མཁོ་ཆེ་བའི་ཐ་སྙད་དག་ལ་ཤུགས་འཕར་མ་རྒྱག་དགོས་པ་དང་།  དོན་གཅིག་མིང་གི་རྣམ་གྲངས་སོགས་ཀྱི་ཐད་ལ་དམིགས་བསལ་དོ་སྣང་བྱེད་དགོས་སྐོར་དང་། ད་ལྟའི་ཚིང་གི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་འཆར་དེ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཡིན་སྟབས། ཚང་མས་འབད་བརྩོན་ལྷག་པར་བྱེད་དགོས་སྐོར་སོགས་གསུངས་སོང་།

དེའི་རྗེས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཚིག་མཛོད་རིག་པའི་སྤྱི་སྒྲོམ་ངོ་སྤྲོད་དང་འབྲེལ། ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་བར་དྲི་བ་དྲིས་ལན་གནང་སྟེ་བགྲོ་གླེང་མགོ་འཛུགས་གནང་སོང་བ་དང་། དེ་རིང་ཉིན་རྒྱབ་མུ་མཐུད་ཚིག་མཛོད་རིག་པའི་སྤྱི་སྒྲོམ་ཐད་ལ་བགྲོ་གླེང་བྱས་ཏེ། རྩོམ་སྒྲིག་སྡེ་ཚན་གྱི་སྐུ་ཚབ་རེ་རེས་ཚིག་མཛོད་དང་འབྲེལ་བའི་སྐོར་ནས་གཏམ་བཤད་སྤེལ་རྒྱུ་ཡིན་འདུག་པ་དང་། ཚོགས་འདུའི་ཉིན་གཉིས་པའི་ཐོག་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པས་ལོ་གཅིག་གི་རིང་འཚོལ་སྒྲིག་བྱས་པའི་བརྡ་ཆད་རྣམས་བསྡུ་ལེན་དང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚིག་མཛོད་དང་འབྲེལ་བའི་ལས་འཆར་གྱི་གནས་སྟངས་ངོ་སྤྲོད་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༢/༢༨

Leave a Reply