བོད་མིའི་སྒེར་ལངས་བྱུང་སྟེ་མི་ལོ་ ༦༠ འཁོར་བའི་གསུམ་བཅུའི་དུས་དྲན་ལ་གྲ་སྒྲིག

འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་ནས་བོད་མིའི་སྒེར་ལངས་ཆེན་མོ་བྱུང་ནས་མི་ལོ་ ༦༠ འཁོར་བའི་གསུམ་བཅུའི་དུས་དྲན་སྔར་ལས་གཞི་རྒྱ་ཆེན་པོའི་ཐོག་ནས་སྲུང་གཙི་བྱེད་པར་གྲ་སྒྲིག་བྱེད་ཀྱི་འདུག

བོད་མིའི་སྒེར་ལངས་ཆེན་མོ་བྱུང་སྟེ་ལོ་ངོ་ཧྲིལ་པོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བྱེས་བཞུགས་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་ཡ་ང་བའི་ལོ་རྒྱུས་དེ་ལ་ཕྱིར་དྲན་དང་། མི་རབས་གསར་པའི་ཕྲག་ཏུ་བབ་པའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རིགས་ཚ་ཚ་འུར་འུར་གྱིས་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་ཨ་རི། ཡུ་རོབ། ཨོ་སི་ཊོ་ལི་ཡ་དང་ཐའེ་ཝན་སོགས་ཀྱི་ནང་གསུམ་བཅུའི་དུས་དྲན་སྲུང་གཙི་ག་འདྲ་གནང་འཆར་ཡོད་པའི་སྐོར་རྒྱུས་ལོན་བྱས་ཡོད།བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག  ཕྱི་ཟླ་ ༣ ཚེས་ ༡༠ དང་ ༡༢། དེ་བཞིན་ ༡༣ བཅས་ལ་རྒྱ་གར་རྒྱལ་ས་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་ཡོད་པ་དང་། ཁོང་ཚོའི་ལས་འགུལ་སྤེལ་ཡུལ་གཙོ་བོ་དེ་ཇན་ཏཱར་མན་ཏཱར་(Jantar Mantar) དང་། མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་ཀྱི་མདུན་ཐང་ཡིན་འདུག་ལ། ལས་འགུལ་ནང་ལྡི་ལིའི་བོད་མི་རྣམས་གཙོ་བོར་གྱུར་བའི་བལ་ཡུལ་དང་། རྒྱ་གར་གྱི་ས་གནས་གཞན་བཅས་ཁྱོན་མི་གྲངས་ ༣༠༠༠ ལྷག་འཛོམས་ཐུབ་པའི་ཚོད་དཔག་བྱེད་ཀྱི་འདུག་ལ།  དུས་དྲན་གྱི་མཛད་སྒོའི་ཐོག་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་ཅིག་གདན་འདྲེན་ཞུ་འཆར་ཡོད་འདུགཡུ་རོབ་ནང་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། སུད་བོད་མཛའ་འབྲེལ་ཚོགས་པ། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས། ཡུ་རོབ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་མཉམ་འབྲེལ་ཐོག ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་སྦེལ་ཇམ་གྱི་རྒྱལ་ས་བྷིར་ཛིལ་(Brussel)གྱི་མི་མང་འདུ་འཛོམས་ལྟེ་གནས་ (Gare Du Nord)རུ། ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང་། ལས་འགུལ་ནང་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གི་གཙོས་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་། དེ་བཞིན། བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སོགས་དང་། ཡོ་རོབ་ཁུལ་གྱི་བོད་རིགས་མི་མང་བཅས་འཛོམས་རྒྱུ་ཡིན་འདུགཨོ་སི་ཊོ་ལི་ཡར་ཝིག་ཊོ་རི་ཡའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཝིག་ཊོ་རི་ཡའི་དཔེ་མཛོད་ཆེན་མོའི་མདུན་དུ་འདུ་འཛོམས་དང་། གྲོང་ཁྱེར་ཁག་ཏུ་གོམ་བགྲོད། དེ་བཞིན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ལས་འགུལ་བཅས་སྤེལ་འཆར་ཡོད་འདུག ཐོག་མའི་འཆར་ཨོ་སི་ཊོ་ལི་ཡའི་བོད་རིགས་ཚོགས་པ་ཡོངས་རྫོགས་ཐུན་མོང་ཐོག་རྒྱལ་ས་ཁན་བྷི་རའི་ནང་འཛོམས་འཆར་ཡོད་ཀྱང་། ཕྱི་ཚེས་ ༡༠ ཉིན་རེས་གཟའ་ཉི་མ་འཁེལ་གྱི་ཡོད་པ་དང་གྲོང་འཁྱེར་དེ་ཆུང་ཆུང་ཡིན་པས། མི་མང་པོ་ཞིག་གུང་སེང་དང་བསྟུན་ཕྱི་ཕྱོགས་སུ་འགྲོ་ཡི་ཡོད་པར་བརྟེན། ཨོ་སི་ཊོ་ལོ་ཡའི་བོད་རིགས་ཚོགས་པ་ཁག་མཉམ་འཛོམས་མ་དགོས་པར་ས་གནས་སོ་སོ་ནས་ལས་འགུལ་རིགས་སྤེལ་རྒྱུ་ཐག་གཅོད་བྱུང་ཡོད་འདུགཐའེ་ཝན་དུ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐབ་ཐང་འབྲེལ་མཐུད་ཁང་དང་། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་ཚོགས་པ། ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག ཐའེ་ཝན་སྲིད་འཛིན་ལས་ཁུངས་མདུན་གྱི་ ༢༢༨ སྤྱི་གླིང་དུ་འདུ་འཛོམས་ཀྱིས་གོམ་བགྲོད་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དང་། ལས་འགུལ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་གྲོས་ཚོགས་འཐུས་མི། ས་གནས་སྲིད་དོན་ཚོགས་པ་ཁག་ཅིག དེ་བཞིན་ས་གནས་མི་མང་བཅས་མི་གྲངས་ ༣༠༠༠ ལྷག་འཛོམས་ཐུབ་པའི་ཚོད་དཔག་བྱེད་ཀྱི་འདུག གོམ་བགྲོད་ལས་འགུལ་དེ་རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་སའི་ལྟེ་གནས་(西本愿寺)བར་གོམ་བགྲོད་བྱས་རྗེས། དེར་ཆེད་དུ་བཟོས་པའི་པོ་ཏ་ལའི་འདྲ་པར་ཆེན་པོ་ཞིག་གི་མདུན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྒྲིག་གཤོམ་ཞུས་ཏེ།  གསང་གསོལ་གཏོང་བ་དང་མཇལ་དར་སྒྲོན་འབུལ་བཅས་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༠༧

Leave a Reply

One thought on “བོད་མིའི་སྒེར་ལངས་བྱུང་སྟེ་མི་ལོ་ ༦༠ འཁོར་བའི་གསུམ་བཅུའི་དུས་དྲན་ལ་གྲ་སྒྲིག

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་དྲུག་བཅུ་པ་འདི་གསུམ་དུས་གཞན་ལས་
    གལ་ཆེ་བ་རྩི་དགོས་པ་ནི་ཕྱི་ལོ་༡༩༥༩་ས་ཕག་ལོ་ལ་བོད་ས་ཤོར་བ་ནས་འདི་ལོོ་ཕྱི་ལོ་
    ༢༠༡༩ ་་ས་ཕག་་ལོ་འདི་ལ་བོད་དོན་ལ་གསལ་ཁ་བཟོ་ཐུབ་པའི་འགན་དེ་དབུས་བོད་
    མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་འོག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་
    ཚོགས་སྐྱིད་ཁག་ནས་མགོ་འོག་ལུས་ཆུད་པའི་ཐོག་ནས་གཞི་རྒྱ་ཆེ་བའི་ནུས་ལྡན་གྱི་
    ལས་འགུལ་སྤེལ་དགོས་པ་དེ་ང་ཚོའི་ལས་འགུལ་ཁ་འཐོར་དུ་མི་འགྲོ་བའི་འགན་
    འབྲེལ་ཡོད་ཚང་མས་བཞེས་དགོས་པ་གལ་ཆེན་དོན་ཆེལ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།