རྒྱལ་ཁབ་བཞིའི་གྲོས་ཚོགས་འཐུས་མིས་བོད་དོན་སྐོར་ལ་གཏམ་བཤད་སྤེལ།

ལདྷ་སར་འཚམས་གཟིགས་སུ་ཕེབས་པའི་རྒྱལ་ཁབ་བཞིའི་གྲོས་ཚོགས་འཐུས་མི་ཚོས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་སོང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣:༤༥ སྟེང། བོད་མིའི་སྒྲིག་འཛུགས་གངས་ཅན་སྐྱིད་གཤོངས་བོད་ཁང་ཆེན་མོའི་ཚོགས་ཁང་དུ་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན། རྒྱལ་ཁབ་ ༤ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མི་ ༦ འཚམས་གཟིགས་དང་འབྲེལ་བོད་དོན་སྐོར་ལ་གཏམ་བཤད་གནང་སོང་བ་དང་། ཐེངས་འདིར་གྲོས་ཚོགས་འཐུས་མིའི་འཚམས་གཟིགས་གནང་མཁན་ཁྲོད་འཇར་མ་ནིའི་གྲོས་ཚོགས་འཐུས་མི་མེ་ཁལ་བྷེ་རན་ཌི་(Michael Brand)ལགས་དང་། ཁ་ན་ཌའི་གྲོས་ཚོགས་འཐུས་མི་གྷར་ནེ་ཌི་ཇི་ནི་སི་ལགས་(Garnett Genuis)དང་ལྕམ་ལིན་ཌ་ཌན་ཀན་(Linda Duncan)ལགས། ཡུ་རོབ་ཀྱི་སོ་ལི་ཝི་ཀི་ཡའི་(Slovakia)གྲོས་ཚོགས་འཐུས་མི་མཱར་ཊིན་པོ་ལེ་ཁི་(Martin Poliacik)ལགས་དང་ལེའོ་ཁྰ་དྷི་རེ་སི་ནཱ་ཁོལ་སོ་ནཱ་ཝ(Lucia Duris Nicholsonava)ལགས། ཐའེ་ཝན་གྱི་གྲོས་ཚོགས་འཐུས་མི་མཱེ་ནུ་ཡུ་(Yu Mei-Nu)བཅས་ཕེབས་ཡོད་འདུག

མཛད་སྒོའི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ཕེབས་བསུའི་འཚམས་འདྲིའི་གསུང་བཤད་སྐབས། ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་ལྟར་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནི་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དེ་ཡིན་པ་དང་། དེ་ནི་དམིགས་བསལ་ཞིག་དང་སེམས་སྐྱོ་བའི་ཉིན་མོ་ཞིག་ཀྱང་ཡིན་པ་དང་། ལོ་ངོ་ ༦༠ སྔོན་ལ་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པ་དང་ང་ཚོས་རང་ཉིད་ཀྱི་ཁྱིམ་གཞིས་གཞན་ལ་ཤོར་ཡོད་པ་རེད། དེ་རིང་འདིར་ཡོད་པའི་བོད་མི་མང་པོ་ཞིག་གི་ནང་མི་སྤུན་མཆེད་བོད་ནང་ལུས་ཡོད་པ་རེད། དེ་ནི་ང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་དང་ནང་མི། རེ་འགའ་ནི་ཕ་མ་དང་བྲལ་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་ཡོད་པ་དང་། ང་ལ་མཚོན་ན་དེའི་ཁྲོད་ཀྱི་མི་རབས་གསུམ་པ་དེ་ཆགས་ཡོད་པ་རེད། ང་ཚོས་རང་ཉིད་ཀྱི་སྤུན་མཆེད་དང་ཤ་ཉེ་སོགས་བོད་ནང་ཡོད་པ་ཤེས་ཀྱི་ཡོད་ནའང་། ང་ཚོ་ཕན་ཚུན་གཏན་ནས་ཐུག་མ་མྱོང་བ་དེ་འདྲའང་ཡོད་པ་རེད། གནས་ཚུལ་འདི་དག་མི་སྒེར་ཞིག་ལ་ཆ་མཚོན་ནས་བཤད་ན་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། རེད་དེ་རྒྱ་ནག་གཞུང་གིས་བཙན་འཛུལ་དང་དྲག་གནོན་བྱས་ཏེ་ལོ་ངོ་ ༦༠ འགོར་ཡོད་ནའང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་མུ་མཐུད་སྲ་བརྟན་ངང་གནས་ཡོད་པ་རེད། དེ་བས་ཁྱེད་རང་ཚོ་ཚང་མ་འདིར་ཕེབས་པར་བོད་མི་ཚོར་དགའ་སྤོབས་སྐྱེས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་ང་ཚོར་ཁྱེད་ཚོའི་རྒྱབ་སྐྱོར་ཐོབ་པའི་རྐྱེན་རེད། གསུམ་བཅུའི་དུས་དྲན་ནི་རྒྱ་ནག་ལའང་ཚོར་བ་སྣོན་པོ་ཡོད་པའི་དུས་དྲན་ཞིག་ཡིན་ལ། རྒྱལ་ཁབ་གཞན་ལ་དུས་དྲན་འདི་དང་བསྟུན་གནོན་ཤུགས་དང་རྒྱབ་སྐྱོབ་བྱེད་མཁན་གྱི་ལས་འཆར་རྩིས་མེད་བཟོ་ཐབས་བྱེད་བཞིན་ཡོད་པས། དེ་རིང་འདིར་ཕེབས་པའི་ཁྱེད་ཚོ་ནི་བློ་སྤོབས་དང་བཀུར་འོས་པའི་མི་སྣ་རྐྱང་རེད། ཅེས་གསུངས་སོང་།

དེའི་རྗེས་འཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁལ་བྷེ་རན་ཌི་ལགས་ཀྱིས། རྒྱ་ནག་གིས་ཆབ་སྲིད་ཀྱི་གླེང་རྙོག་མང་པོ་ཞིག་སློང་བཞིན་པའི་སྐབས་འདིར། ཕྱི་མི་ཞིག་གིས་བོད་དོན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་ཐད་ལ་སྐད་ཆ་བཤད་དུས། རྒྱ་ནག་གཞུང་གིས་དེར་ཐེ་གཏོགས་བྱེད་ཀྱི་ཡོད་པ་མ་ཟད། གནོན་ཤུགས་ཀྱང་སྤྲོད་ཀྱི་ཡོད། ཆོས་དད་རང་དབང་སྲུང་སྐྱོབ་བྱེད་པ་ནི་མིའི་རིགས་མཉམ་སྡོད་བྱེད་སའི་སྤྱི་ཚོགས་སྲུང་སྐྱོབ་བྱེད་པ་གཅིག་མཚུངས་ཡིན་སྐོར་དང་། འཇར་མ་ནི་དང་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ར་བའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་ཐད་ལ་གླེང་སློང་བྱེད་སྐབས། རྒྱ་ནག་གཞུང་གིས་དེར་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་སྐོར་དང་། བོད་མི་རྣམས་ཀྱིས་མུ་མཐུད་འཐབ་རྩོད་ཀྱི་ལམ་བུ་དེར་བསྐྱོད་དགོས་པ་དང་། འཇར་མ་ནིས་ལམ་བུ་དེར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།
ཁ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷར་ནེ་ཌི་ཇི་ནི་སི་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རྣམས་ཀྱིས་རང་གི་དགྲ་བོར་དྲག་ལན་སློག་རྒྱུའི་ཚབ་ཏུ། ཞི་བའི་ཐོག་ནས་བོད་དོན་རྩོད་བཞིན་ཡོད་པའི་རྒྱུ་མཚན་ལ་བརྟེན། ངས་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་གི་ངོ་བོའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མགོ་བརྩམས་ཡོད། ཅེས་བརྗོད་སོང་བ་དང་། ཡང་ཁོང་གིས་རང་གི་རང་དབང་དང་བདེན་པའི་ཆེད་དུ་འབོད་སྒྲ་སྒྲོག་མི་ཐུབ་པའམ། འབོད་སྒྲ་འདོན་སའི་སྡིངས་ཆ་མེད་མཁན་ཚོའི་ཚབ་བྱས་ཏེ་རང་དབང་གི་དགོས་འདུན་འདོན་རྒྱུ་ནི་ཁོ་རང་གི་དམིགས་ཡུལ་ལྟ་བུ་ཞིག་ཡིན་སྐོར་དང་། རྒྱ་ནག་གི་མི་སེར་བཞིན་བོད་མི་རྣམས་ལ་ཡང་རང་དབང་དང་། དམངས་གཙོ། ཁྲིམས་སྐྱོང་སོགས་དགོས་པ་གཟིགས་ཀྱི་ཡོད་སྐོར་དང་། ཉེ་ཆར་ཁ་ན་ཌར་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་པའི་བུ་མོ་འཆི་མེད་ལྷ་མོ་ལགས་གཙུག་ལག་སློབ་གྲྭའི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བ་དང་། དེར་རྒྱ་རིགས་སློབ་མ་རྣམས་ཀྱིས་ཚིག་རྩུབ་དང་ཁྲོ་བའི་རྣམ་པའི་སྒོ་ནས་ངོ་རྒོལ་ཤུགས་ཆེན་པོ་བྱས་པ་ལ་བརྟེན་ནས། དེང་སྐབས་ཁ་ན་ཌ་སྤྱི་ཡོངས་ནང་གཙུག་ལག་སློབ་གྲྭའི་ནང་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་གཏོགས་བྱེད་བཞིན་པ་སོགས་ཀྱི་སྐོར་ལ་གླེང་སློང་དང་གྲོས་བསྡུར་ཆེན་པོ་བྱེད་བཞིན་ཡོད་སྐོར་དང་། དེར་ཕེབས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀྱང་སོ་སོའི་གྲོས་ཚོགས་ནང་འཆི་མེད་ལྷ་མོ་ལྟ་བུའི་རྒྱབ་ལྗོངས་ཡོད་པའི་གཞོན་སྐྱེས་རྣམས་ལ་གྲོས་ཚོགས་ཀྱི་དངོས་སྦྱོང་སོགས་ཀྱི་ལས་གཞིའི་ནང་ཞུགས་རྒྱུའི་གོ་སྐབས་སྦྱིན་དགོས་སྐོར་བརྗོད་སོང་།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ལྕམ་ལིན་ཌ་ཌན་ཀན་ལགས་ཀྱིས། ང་དེ་རིང་འདིར་ཁྱེད་རང་ཚོ་དང་མཉམ་དུ་འཛོམས་རྒྱུ་བྱུང་བར་དགའ་སྤོབས་སྐྱེས་བྱུང་ལ། དམིགས་བསལ་བོད་མིའི་སྒེར་ལངས་ཐེངས་ ༦༠ པའི་ཐོག་མཉམ་ཞུགས་བྱེད་རྒྱུ་བྱུང་བ་རེད། དུས་དྲན་འདི་ནི་བོད་མིའི་ལོ་རྒྱུས་ནང་གི་ཡ་ང་བའི་སྐྱོ་སྡུག་ཆེ་ཤོས་ཤིག་ཡིན་པ་དང་། དེ་ལས་ཀྱང་ཡ་ང་བ་ནི་སྐྱོ་སྡུག་གི་གནས་བབ་དེ་མུ་མཐུད་བོད་ནང་དུ་མྱོང་བཞིན་ཡོད་པ་རེད། དོན་དངོས་ཐོག་བོད་མི་ཚོས་སོ་སོའི་སྐད་ཡིག་བེད་སྤྱོད་གཏོང་བ་དང་། རིག་གཞུང་ཉམས་ལེན་བྱེད་ཐབས་བྱས་པ་ཙམ་རེད། ངའི་རྒྱལ་ཁབ་ཁེ་ན་ཌའི་ནང་ཁྱེད་རང་ཚོ་ནང་བཞིན། གདོད་མའི་མི་རིགས་ཚོས་ད་བར་དཀའ་ལས་མྱོང་དགོས་བྱུང་ཡོད་མོད། འོན་ཀྱང་། ཉེ་སྔོན་ང་ཚོའི་གཞུང་གིས་གདོད་མའི་མི་རིགས་ལ་ཐོབ་ཐང་སྤྲད་དེ་གྲོས་ཚོགས་ནང་ཁོ་ཚོའི་སྐད་ཡིག་བེད་སྤྱོད་གཏོང་ཆོག་པ་སོགས་བཟོས་ཡོད་ལ། ཁོ་ཚོའི་སྐད་ཡིག་རིག་གཞུང་གིས་ཁེ་ན་ཌའི་རིག་གཞུང་ཇེ་ཕྱུག་ཏུ་གཏོང་གི་ཡོད་པས། ནམ་ཞིག་ཁྱེད་རང་ཚོ་གངས་ཅན་བོད་མི་ཚོས་ཀྱང་ཕར་ལོགས་ཏེ་རྒྱ་ནག་ལ་སྐད་ཡིག་རིག་གཞུང་ཐོག་ནས་ཕྱུག་པོ་བཟོ་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

ཡུ་རོབ་ཀྱི་སོ་ལི་ཝི་ཀི་ཡའི་གྲོས་ཚོགས་འཐུས་མི་ལེའོ་ཁྰ་དྷི་རེ་སི་ནཱ་ཁོལ་སོ་ནཱ་ཝ་ལགས་ཀྱིས། ང་དང་ངའི་གྲོགས་པོ་ངེད་གཉིས་དེ་རིང་འདིར་ཁྱེད་རང་ཚོ་ཁོ་ནར་ཐུག་ཏུ་ཡོང་བ་ཙམ་མ་ཡིན་པར་ཁྱེད་ཚོའི་མགོ་འཁྲིད་རྣམ་པར་ཐུག་འཕྲད་བྱེད་དུ་ཡོང་བ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༦ ལོར་ངའི་ལུང་པ་(Slovakia)སོ་ལི་ཝི་ཀི་ཡར་ཕེབས་ཏེ། སྐབས་དེའི་སྲིད་འཛིན་ཨ་ཝན་(Ivan Gašparovič)ལགས་དང་མཇལ་འཕྲད་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ལ་བྱིན་རླབས་གནང་ཡོད། སྐབས་དེ་དུས་ངས་བྱིས་པ་ཆུང་ཤོས་སྐྱེས་ཏེ་བདུན་ཕྲག ༢ མ་གཏོགས་ཕྱིན་མེད་པས་དྲན་པ་ཡག་པོ་གསོས་ཀྱི་འདུག་ལ། ངས་དེ་རིང་འདིར་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། ཁོ་ཚོས་བོད་པར་རྒྱབ་སྐྱོར་བྱེད་དོན་ནི་ལོ་ངོ་ ༣༠ ཡར་སྔོན་དུ་སོ་ལི་ཝི་ཀི་ཡའི་ནང་མི་མང་དང་དམར་ཤོག་ཚོགས་པའི་བར་འཐབ་འཁྲུག་བྱུང་སྟེ། མཇུག་མཐར་མང་གཙོར་རྒྱལ་ཁ་ཐོབ་སྟེ་སྲིད་དབང་སྒེར་གཅོད་རིང་ལུགས་པ་ཕམ་པར་བྱུང་ཡོད་སྐོར་དང་། གཞན་ཡང་དེ་རིང་འདིར་ཡོང་དོན་ནི་ཁོ་ཚོ་བོད་ཀྱི་གྲོགས་པོ་ཡིན་པས་བོད་ཀྱི་འཐབ་རྩོད་རྒྱུན་སྐྱོང་གནང་བར་རྒྱབ་སྐྱོར་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་གཉའ་གནོན་དང་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

ཡུ་རོབ་ཀྱི་སོ་ལི་ཝི་ཀི་ཡའི་གྲོས་ཚོགས་འཐུས་མི་མཱར་ཊིན་པོ་ལེ་ཁི་ལགས་ཀྱིས། ཁྱེད་རང་བོད་མི་ཚོར་ནང་མི་ནང་བཞིན་གྱིས་སྤྲོ་སེམས་འཁོར་བའི་སྣེ་ལེན་ཞུ་སྟངས་ཡག་པོ་འདུག་པས་ང་དེ་རིང་འདིར་ཡོང་བ་ཡིན། ང་ཚོའི་ལུང་པའི་ནང་བཤད་སྲོལ་ཞིག་ཡོད། དེ་ནི་ཁྱེད་ཀྱི་འཆར་སྣང་ལའང་འཁོར་མ་མྱོང་བ་ཞིག་གློ་བུར་དུ་བྱུང་བ་ཞིག་སྟེ། བྱ་དེ་ལོང་བ་ཞིག་ལ་གློ་བུར་དུ་འབྲུ་རིགས་ཐོབ་པ་ལྟ་བུའི་ངང་ནས། ང་ཡང་ངའི་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་མགྲིན་ཚབ་པའི་སྐད་ཆ་བཤད་མཁན་ཆགས་ཐུབ་སོང་། རྒྱུ་མཚན་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ངའི་ལུང་པར་ཕེབས་དུས། ང་ཚོའི་གྲོགས་པོ་ནེ་ཁོ་ལོ་ཤིས་༧གོང་ས་མཆོག་ལ་ང་ཚོས་སྐུ་ཉིད་ཀྱི་ཆེད་དུ་ག་རེ་སྒྲུབ་ཐུབ་ཀྱི་ཡོད་དམ་ཞེས་སྐད་ཆ་དྲིས་སྐབས། ཁོང་གིས་ཁྱེད་ཀྱིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ན་འགྲིག་གི་རེད་ཅེས་གསུངས་ཡོད་པས། ཁོས་དེ་བཞིན་བསྒྲུབས་པ་རེད། ཅེས་དང་། ཕྱི་ལོ་ ༢༠༡༠ ལོ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཚང་མར་ཁོ་རང་གིས་སྣེ་འཁྲིད་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།
མཇུག་ཏུ་ཐའེ་ཝན་གྱི་གྲོས་ཚོགས་འཐུས་མི་དང་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་མཱེ་ནུ་ཡུ་ལགས་ཀྱིས། བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་བདེན་དོན་རྩོད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་རྣམས་ལ་མནར་གཅོད་གཏོན་བཞིན་ཡོད་པར་བརྟེན། ང་ཚོ་ཐའེ་ཝན་ངོས་ནས་བོད་མིར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་བརྗོད་སོང་བ་དང་། ཡང་ཁོང་མོས་མུ་མཐུད་ཐའེ་ཝན་དམངས་གཙོ་ཡར་རྒྱས་ཚོགས་པས་ད་ལོའི་བོད་མིའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་གིས་བོད་དང་ཐའེ་ཝན་གཉིས་ཀའི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་སོགས་བརྗོད་སོང་།

གཞན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གཏམ་བཤད་སྤེལ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་འབྲེལ་ཡོད་མི་སྣ་རྣམས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ད་བར་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་ཏེ། མ་འོངས་པར་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་སོང་བ་དང་། ཐེངས་འདིར་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དུ་ཉིན་གཉིས་རིང་འཚམས་གཟིགས་གནང་རྒྱུ་ཡིན་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཡང་མཇལ་ཁ་ཞུ་འཆར་ཡོད་འདུག

གསར་འགོད་པ།  པ་སངས་ཚེ་རིང་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༡༡

Leave a Reply