རྒྱ་རིགས་སྐུ་ཚབ་ཚོགས་པས་བོད་དོན་སྐོར་ལ་གཏམ་བཤད།

དྷ་སར་ཆེད་བཅར་གནང་བའི་རྒྱ་རིགས་སྐུ་ཚབ་ཚོགས་པ་ཚོས་མ་འོངས་པར་བོད་དོན་ཐད་ཐག་གཅོད་ག་འདྲ་བྱེད་མིན་བོད་པ་ཚོར་གདམ་ག་ཡོད་པ་དང་ཁོང་ཚོའི་ངོས་ནས་ཐག་གཅོད་ག་འདྲ་བྱུང་བ་ཡིན་ན་རྒྱབ་སྐྱོར་ཡོད་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩:༣༠ སྟེང་། དྷ་ས་མེག་གྷན་པདྨ་ཐང་ནོར་བུ་གསོལ་མགྲོན་ཁང་དུ་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐོག་ཕེབས་པའི་སྐུ་ཞབས་ཞའོ་ཝེ་(Xu Wei)སྣེ་འཁྲིད་པའི་བོད་རྒྱའི་གནད་དོན་ཉམས་ཞིབ་ཚོགས་པའི་སྐུ་ཚབ་དང་། རྒྱ་ནག་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཁྲིན་ཆིན་(Chin Jin)ལགས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་རྣམས་དང་། རྒྱ་རིགས་སྤྱི་དམངས་ནུས་སྟོབས་ཚོགས་པའི་ཚོགས་གཙོ་ཡཱང་ཇཱན་ལེ་(Yang Jianli)ཡིས་སྣེ་འཁྲིད་པའི་རྒྱ་རིགས་སྐུ་ཚབ་རྣམ་པས་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་གཙི་བྱས་ཏེ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

མཛད་སྒོའི་ཐོག་མར་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གཏམ་བཤད་མཁན་རྣམ་ངོ་སྤྲོད་དང་འབྲེལ། ཨོ་སི་ཊོ་ལི་ཡའི་ནང་བརྟེན་གཞི་བྱས་པའི་རྒྱ་ནག་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཁྲིན་ཆིན་ལགས་ཀྱིས་ཁོ་ཚོ་ཐེངས་འདིར་དྷ་སར་ཡོང་དོན་བོད་མིའི་རང་དབང་གི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་ཆེད་དུ་ཡིན་པ་དང་། ཁོ་ཚོའི་ཚོགས་པ་དེ་ཕྱི་ལོ་ ༡༩༨༩ ལོ་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་བྱུང་བ་ནས་གསར་འཛུགས་གནང་བ་དང་། ཁོ་ཚོས་དམིགས་ཡུལ་གཙོ་བོ་རྒྱ་ནག་དམངས་གཙོར་འགྱུར་རྒྱུ་དང་བོད་རྒྱ་ནག་གི་དབང་སྒྱུར་འོག་ནས་རང་དབང་ཐོབ་རྒྱུའམ་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་ཐོབ་པ་དང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྲུང་སྐྱོབ་ལ་འབད་བརྩོན་བྱེད་རྒྱུ་དེ་ཡིན་ལ། འདས་པའི་ལོ་ངོ་ ༣༠ ཙམ་གྱི་རིང་བོད་པ་ཚོ་དང་མཉམ་རུབ་གྱིས་རྒྱ་ནག་དམངས་གཙོར་འགྱུར་ཐབས་དང་བོད་པ་ཚོར་རང་དབང་ཐོབ་ཐབས་ཐད་ནུས་ཤུགས་བཏོན་ཏེ་མུ་མཐུད་ལས་དོན་གཉེར་བ་ཡིན་སྐོར་སོགས་བརྗོད་སོང་།

དེའི་རྗེས་བོད་རྒྱའི་གནད་དོན་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞའོ་ཝེ་ལགས་ཀྱིས་རྒྱ་ནག་དམངས་གཙོ་འགྱུར་རྒྱུ་དང་བོད་པ་ཚོར་རང་གི་མ་འོངས་པའི་འདོད་མོས་ཐག་གཅོད་ཐད་རང་དབང་ཡོད་པ་སོགས་ཀྱི་སྐོར་ལ། ཁོ་རང་ཐོག་མར་དྷ་རམ་ས་ལར་ཕྱི་ལོ་ ༡༩༩༦ ལོར་ཡོང་སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་མཇལ་འཕྲད་ཀྱིས་ཆུ་ཚོད་གཅིག་ཙམ་རིང་དམངས་གཙོའི་ལས་འགུལ་སྐོར་ལ་གླེང་མོལ་བྱས་པ་དང་། བོད་ཀྱི་གནད་དོན་ཐད་མ་འོངས་པར་ཐག་གཅོད་ག་འདྲ་བྱེད་མིན་བོད་པ་ཚོར་གདམ་ཀ་ཡོད་པ་དང་། བོད་པ་ཚོས་རང་ཉིད་ཀྱི་མ་འོངས་པར་ཐག་གཅོད་ག་འདྲ་བྱེད་མིན་ཐད་ཁོ་ཚོས་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

བོད་རྒྱའི་གནད་དོན་ཉམས་ཞིབ་ཚོགས་པའི་ཚོགས་མི་དང་ཆཱེ་ཐེབས་རྩ་ཁང་གི་འགན་འཛིན་ཆཱི་ཅཱ་ཞི་ཡིས། འདི་ལོའི་ཕྱི་ཟླ་དང་པོ་ནས་བཟུང་ཆཱེ་ཐེབས་རྩ་ནས་ཨོ་སི་ཏི་ལེ་ཡའི་སྒོར་  ༤༥༠༠ བཙན་བྱོལ་གྱི་སློབ་གྲྭའི་མཐུན་རྐྱེན་ཡར་རྒྱས་ཆེད་ཞལ་འདེབས་ཕུལ་ཡོད་པ་དང་། དེ་བཞིན་ལོ་སྔོན་མར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་ཆབ་སྲིད་འཐབ་རྩོད་ངོས་ནས་གཟེངས་བསྟོད་བྱ་དགའ་ཞིག་སྤྲད་པ་ཡིན། ང་ཚོས་དེ་ལྟར་བྱེད་དགོས་དོན་ནི་རྒྱ་རིགས་དང་བོད་རིགས་ལ་དཀའ་སྡུག་དང་གོད་ཆག་བྱུང་ཡོད་པ་མ་ཟད། ཁྱིམ་དང་མི་གཞི་ལ་གཏོར་བརླག་བཏང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་དག་བྱུང་དང་འབྱུང་བཞིན་པའི་རྒྱུ་རྐྱེན་ནི་རྒྱ་ནག་དམར་ཤོག་ཚོགས་པ་རེད་ལ། ཆབ་སྲིད་ཚོགས་པ་གཅིག་གི་གཞུང་འཛིན་སྲིད་བྱུས་དེ་རེད། ཚོགས་པ་དེས་རྒྱ་རིགས་ཙམ་དུ་མ་ཟད་བོད་རིགས་ཚོའང་དགྲ་རུ་བཟུང་ཡོད་པ་རེད། དེ་བས་ང་ཚོས་དྲང་བདེན་མིན་པའི་བྱ་སྤྱོད་དེ་དག་ལ་འགྱུར་བ་ཞིག་ཐེབས་པར་མཉམ་རུབ་ཀྱིས་འབད་བརྩོན་བྱ་དགོས་འདུག་ལ། སྔར་ལས་ལྷག་ཧུར་ཐག་བྱ་དགོས་འདུག ཆཱེ་ཐེབ་རྩས་བོད་དོན་ལ་སེམས་ཁུར་ཡོད་པ་མ་ཟད། བོད་རིགས་ན་གཞོན་ཚོའི་ཤེས་ཡོན་ཆེད་ལྷག་ཏུ་དོ་ཁུར་བྱེད་ཀྱི་ཡོད་པས། ང་ཚོས་ངོས་ནས་གང་ཐུབ་ཅི་ཡོང་མུ་མཐུད་དེ་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

གཞན་རྒྱ་ནག་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་མི་ཧྲན་ཧྲའོ་ལགས་ཀྱིས། ང་ཚོ་ཚང་མའི་དམིགས་ཡུལ་ནི་བོད་དང་ཡུ་གུར། རྒྱ་ནག་སོགས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། མི་ཚེའི་བདེ་སྐྱིད་བཅས་མཉམ་དུ་ཐོབ་རྒྱུ་དེ་རེད། དེ་བས་བོད་མི་ཚོའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་མིག་མདུན་དུ་བོད་ནི་བོད་མིར་བདག་པའི་ངོས་འཛིན་ཐོབ་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད། དེ་བཞིན་ཁོ་མོའི་སེམས་པར་བོད་ནི་འཛམ་གླིང་ཐོག་རྒྱལ་ཁབ་ལ་ངོས་འཛིན་བྱེད་མཁན་མང་ཤོས་དེ་ཆགས་ཡོད་པ་རེད་ལ། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་དང་བོད་མིའི་སེམས་ཤུགས་ལས་བྱུང་བ་རེད། ང་ནི་ཕྱི་སྡོད་རྒྱ་རིགས་དམངས་གཙོའི་ལས་འགུལ་གྱི་མགོ་འཁྲིད་པ་ཞིག་ཡིན་པའི་ཆ་ནས་དགའ་སྤོབས་དང་བོད་མིའི་འཐབ་རྩོད་ཁྲོད་ནས་ཤེས་བྱ་མང་པོ་ཐོབ་སོང་ལ། ཁོ་མོས་ནམ་ཡང་རང་ནུས་གང་ཡོད་ཀྱིས་བོད་ལ་རང་དབང་མ་ཐོབ་བར་དུ་བོད་མིའི་རྒྱབ་ནས་ལངས་རྒྱུ་ཡིན་ལ། དུས་མཚུངས་སུ་རྒྱ་ནག་རང་དབང་ལ་འཐབ་རྩོད་ལ་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

དེའི་རྗེས་བོད་རྒྱའི་གནད་དོན་ཉམས་ཞིབ་ཚོགས་པའི་ཚོགས་མི་ཝང་ཞོ་ལེ་ལགས་ཀྱིས། རྒྱ་ནག་གིས་གྲངས་ཉུང་མི་རིགས་ཚང་མ་རྩ་ཁྲིམས་ཀྱི་སྒྲོམ་གཞི་གཅིག་གི་འོག་བསྡུས་པ་རེད། དེ་ནི་འཆར་གཞི་ཡག་པོ་ཞིག་རེད་དེ་ནོར་འཁྲུལ་ཧ་ཅང་ཆེན་པོ་ཞིག་ཤོར་ཡོད་པ་རེད། རྒྱུ་མཚན་ཆབ་སྲིད་ཀྱི་འབྲེལ་ལམ་ནི་གཙོ་བོ་བཙན་དབང་མ་ཡིན་པར་རང་དབང་གཞི་རྩར་འཛིན་པའི་ཐོག་འཇོག་དགོས་པ་དང་། སྐབས་དེར་རྒྱ་ནག་གིས་བོད་མི་ཚོར་འདོད་མོས་ཡོད་མེད་མ་དྲིས་པར་བཙན་འཛུལ་བྱས་པ་རེད། དེ་ནི་ང་རང་རྒྱ་རིགས་ཤིག་ཡིན་པའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་ཚོར་སྡུག་རྩུབ་ཅན་གྱི་བཙན་གནོན་བྱས་པར་དགོངས་སེལ་ཞུ་དགོས་པ་མ་ཟད། རྒྱ་རིགས་མང་པོས་རང་ཉིད་ཀྱི་རྒྱལ་ཁབ་ལ་དགའ་མོས་ཡོད་པ་བཞིན་བོད་མི་ཚོའང་ཁོང་ཚོའི་རྒྱལ་ཁབ་ལ་དགའ་མོས་ཡོད་པར་འདོད་དེ་བོད་མི་ཚོའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་ཤེས་རྟོག་ཡོང་གི་མེད་པ་དེར་ཀྱང་དགོངས་སེལ་ཞུ་རྒྱུ་ཡིན། དེ་བས་ང་ཚོའི་ཚོགས་པའི་ངོས་ནས་རྒྱ་རིགས་དང་བོད་རིགས་གཉིས་བར་ལ་གནས་ཚུལ་འདི་དག་གི་ཐོག་གོ་རྟོག་སྤེལ་རྒྱུ་དང་། རྒྱ་ནག་ཁོ་ན་མིན་པར་བོད་ལའང་རང་དབང་ཐོབ་པའི་འཐབ་རྩོད་བྱེད་ཀྱི་ཡོད། ནམ་ཞིག་རྒྱ་ནག་ལ་རང་དབང་ཐོབ་པའི་དུས་བོད་མི་ཚོར་རང་དབང་གི་ཐག་གཅོད་ཅིག་ཡོང་བའི་ཡིད་ཆེས་ཡོད་ལ། ཐག་གཅོད་དེར་ང་ཚོས་རྒྱབ་སྐྱོར་བྱ་ངེས་ཡིན་སྐོར་སོགས་བརྗོད་སོང་།
མཇུག་ཏུ་གསར་འགོད་པས་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་ཐེངས་འདིར་དྷ་སར་ཆེད་བཅར་བྱས་པའི་རྒྱ་རིགས་ཚོགས་པ་དེ་དག་གི་སྐོར་ནས་ངོ་སྤྲོད་གནང་རོགས་ཞེས་དྲིས་པར། ཐེངས་འདིར་དྷ་སར་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྟེང་རྒྱ་རིགས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་གནང་མཁན་ཚོགས་པ་ཁག་ཅིག་ཆེད་བཅར་བྱས་ཡོད་པ་དང་། ཚོགས་པ་དེ་དག་གི་ཁྲོད་ཁྱོན་མི་གྲངས་ ༤༠ ཚོགས་པ་དེ་དག་གི་གྲས་སུ་བོད་རྒྱའི་གནད་དོན་ཉམས་ཞིབ་ཚོགས་པ་ཟེར་བ་དེ་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཚོགས་པ་ཧ་ཅང་རྙིང་པ་རེད་ལ་ཚོགས་མི་སོགས་རྒྱལ་ཁབ་འདྲ་མིན་ནང་དུ་ཡོད་པ་དང་། དེ་བཞིན་རྒྱ་ནག་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་སོགས་སླེབས་ཡོད་པ་རེད། ཐེངས་འདིར་བོད་རྒྱའི་གནད་དོན་ཉམས་ཞིབ་ཚོགས་པའི་ནང་ཡོད་པའི་ཨ་ཅག་ཆི་ཅཱ་ཞི(Qi Jai xi)ཟེར་བ་ཞིག་ཡོད་པ་རེད་ལ། ཁོ་མོའི་ནང་མི་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་འོག་ནས་སྡུག་སྦྱོང་མནར་གཅོད་ཧ་ཅང་མྱོང་ཡོད་མཁན་ཞིག་ཡིན་པ་དང་། ད་ལྟའི་ཆར་ཁོ་མོ་ཨི་སི་ཊོ་ལི་ཡའི་ནང་བརྟན་གཞི་བྱས་ཏེ་ཐེབས་རྩ་ཁང་ཞིག་བཙུགས་ནས་བོད་པའི་སློབ་ཕྲུག་ཚོར་ལོ་མང་རིང་རོགས་རམ་དང་། བོད་པའི་ཆབ་སྲིད་ཐོག་ཕྱག་ལས་གནང་མཁན་ཚོར་ཆེད་བསྟོད་གཟེངས་རྟགས་གནང་བ་སོགས་བོད་པ་ཚོར་རོགས་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཡིན་སྐོར་སོགས་བརྗོད་སོང་།

གསར་འགོད་པ། ཀླུ་མགོན་ཐར་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༡༡

Leave a Reply