བོད་མཐོ་སྒང་གི་ཆགས་རིམ་ལ་ངོས་འཛིན་གསར་པ་རྙེད།

བོད་ནང་ཤིང་ཏ་ལའི་ལོ་མའི་འགྱུར་རྡོ་ཞིག་གསར་རྙེད་བྱུང་བ་ལ་བརྟེན་ནས་ལོ་ངོ་ས་ཡ་ ༢༥ ཡར་སྔོན་དུ་བོད་དེ་རི་མཐོ་བོ་དང་ལུང་གཤོང་ཟབ་མོས་གྲུབ་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་སྐོར་བརྗོད་འདུག
ཚན་རིག་ཡར་ཐོན་ཞེས་པའི་དྲ་རྒྱའི་ནང་། རྒྱ་ནག་དང་དབྱིན་ཡུལ(UK)། དེ་བཞིན་རྒྱ་གར་གྱི་གནའ་ཤུལ་འགྱུར་རྡོ་ཞིབ་འཇུག་གི་ལྟེ་གནས་གི་ཆེད་མཁས་ཞིབ་འཇུག་པ་སྐོར་ཞིག་གིས་བོད་ནང་གི་འགྱུར་རྡོར་ཞིབ་འཇུག་བྱས་པའི་གྲུབ་དོན་ཞིག་ཕྱིར་བསྒྲགས་བྱས་པ་ལྟར་ན། ཉེ་ཆར་བོད་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་ཁོངས་ལྷུན་པོ་ལའི་གཤོང་ས་ནས་ཤིང་ཏ་ལའི་(Palm Tree)ལོ་མའི་འགྱུར་རྡོ་ཞིག་གསར་རྙེད་བྱུང་ཡོད་པ་དང་། དེ་ནི་ལོ་ངོ་ས་ཡ་ ༢༥ སྔོན་གྱི་འགྱུར་རྡོ་ཞིག་ཡིན་པས་བོད་མཐོ་སྒང་གི་ས་བབ་ཆག་སྟངས་ལ་ངོས་འཛིན་གསར་པ་ཞིག་གི་གླེང་གཞི་བསྐྲུན་ཡོད་སྐོར་བསྒྲགས་འདུག

དེ་སྔོན་ཚན་རིག་པ་མང་པོས་བོད་མཐོ་སྒང་དེ་དང་ཐོག་ས་བབ་ལེབ་མོ་ཞིག་ཡིན་པ་དང་། ཕྱིས་སུ་སྟེ་ཉུང་མཐར་ལོ་ངོ་ས་ཡ་ ༣༥ ཙམ་གྱི་ཡར་སྔོན་ནས་རྒྱ་གར་དང་ཡུ་རེ་ཤི་ཡའི་(Eurasia)ས་འོག་གླིང་ཕྲན་(Plates)གཉིས་ཕན་ཚུན་གདོང་ཐུག་བརྒྱབས་པར་བརྟེན། ད་ལྟའི་ཆ་སྙོམ་མཐོ་ཚད་སྨི་ ༤༦༥༥ ཙམ་ཡིན་པའི་བོད་ཀྱི་མཐོ་སྒང་དེ་ཆགས་ཡོད་སྐོར་བརྗོད་ཡོད་ཀྱང་། གསར་དུ་རྙེད་པའི་འགྱུར་རྡོ་དེས་ལོ་ངོ་ས་ཡ་ ༢༥ ཡར་སྔོན་ཙམ་ལ་བོད་དུ་ཤིང་ཏ་ལ་སྐྱེས་ཡོད་པ་ཡོད་པ་དང་། ཤིང་ཏ་ལ་ནི་དབྱར་དུས་ཚ་ཞིང་དགུན་དུས་གྲང་ངར་ཆེ་བའི་ཁོར་ཡུག་ལ་མ་གཏོགས་སྐྱེ་ཐུབ་ཀྱི་མེད་པ་མ་ཟད། གྲང་ཚད་གོར་ཐིག་འོག་གི་ ༥ མན་ཆད་ཀྱི་ཁོར་ཡུག་ནང་དུ་སྐྱེ་ཐུབ་ཀྱི་མེད་སྟབས། ལོ་ངོ་ས་ཡ་ ༢༥ ཡར་སྔོན་ཙམ་ལ་བོད་དེ་མཐོ་སྒང་ཞིག་མིན་པར་རི་མཐོ་བོ་དང་ལུང་གཤོང་ཟབ་མོས་གྲུབ་ཡོད་པ་ཁ་ཚོན་གཅོད་ཐུབ་སྐོར་བརྗོད་ཡོད་པ་རེད།

ཐེངས་འདིའི་འགྱུར་རྡོ་ཞིབ་འཇུག་གི་གཙོ་གཉེར་བ་སློབ་དཔོན་ཏའོ་སུ་(Tao Su)ཡིས། བོད་ཀྱི་ས་བབ་དེ་རྒྱ་གར་གྱི་ས་འོག་གླིང་ཕྲན་གྱིས་བཙིར་ཏེ། ཉུང་མཐར་ས་བབ་མཐོ་ཚད་སྨི་ ༢༥༠༠ ནས་ད་ལྟའི་མཐོ་ཚད་སྨི་ ༤༦༥༥ ལ་འཕར་ཡོད་སྐོར་བརྗོད་འདུག་ལ། ཡང་ཞིབ་འཇུག་ཁོངས་མི་སློབ་དཔོན་རོ་བྷར་ཊི་སི་པའེ་སར་(Robert Spicer) གྱིས། གསར་རྙེད་བྱུང་བའི་ཡ་མཚན་ཅན་གྱི་གནའ་ཤུལ་འགྱུར་རྡོ་དེ་དག་ཞིབ་འཇུག་ཐབས་ལམ་དུ་མ་སྤྱད་དེ་རྟོག་ཞིབ་བྱས་པ་བརྒྱུད། ད་བར་གྱི་བོད་ཀྱི་ཆགས་རབས་དང་བོད་ཀྱི་གནའ་བོའི་ས་བབ་སྐོར་གྱི་ཤེས་བྱ་ལ་འགྱུར་བ་གཏོང་གི་ཡོད་པ་རེད། ཅེས་བརྗོད་འདུགཤིང་ཏ་ལ་ཞེས་པ་ནི་རྒྱ་གར་ལྟ་བུ་ཚ་དྲོད་ཆེ་བའི་ས་བབ་ནང་སྐྱེ་ཡི་ཡོད་པ་དང་། རྒྱ་གར་གྱི་སྲོལ་རྒྱུན་ནང་ཏ་ལའི་ལོ་མ་ཤོག་བུར་སྤྱོད་ཀྱི་ཡོད་པ་དང་། ནང་པའི་བསྟན་བཅོས་མི་ཉུང་བ་ཞིག་ཀྱང་ལོ་མ་དེའི་སྟེང་ལ་འབྲི་སྲོལ་ཡོད་པ་མ་ཟད། དཔེ་ཆ་དེ་དག་ལ་ཏ་ལའི་ལོ་མའི་དཔེ་ཆ་ཞེས་ཀྱང་བརྗོད་ཀྱི་ཡོད་འདུག ཤིང་ཏ་ལར་ཡལ་ག་མེད་ཅིང་ཕྱི་ཤུན་སྲབ་མོས་གཡོགས་པའི་སྡོང་པོ་རིང་པོས་གྲུབ་པ་དང་། སྡོང་རྩེར་ནར་ཞིང་ལེབ་པའི་ལོ་མ་མང་པོ་སྐྱེས་ཡོད་པ་རེད། སྤྱིར་བཏང་ཤིང་ཏ་ལའམ་དབྱིན་སྐད་དུ་(Palm Tree)ཟེར་བ་དེར་རིགས་མི་འདྲ་བ་དང་སྤྱོད་སྒོ་མ་འདྲ་བ་མང་པོ་ཡོད་པ་དང་། བེ་ཏའི་ཤིང་(Coconut Tree)ཡང་ལོ་མ་དང་འབྲས་བུ་མི་གཅིག་པའི་ཏ་ལའི་ཤིང་གི་རིགས་སུ་གྱུར་བ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༡༦

Leave a Reply

One thought on “བོད་མཐོ་སྒང་གི་ཆགས་རིམ་ལ་ངོས་འཛིན་གསར་པ་རྙེད།