མ་མཐུན་པ་གང་དུ་ཡོད་ན་དེ་མཐུན་པ་བྱོས།

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་༧གོང་ས་མཆོག་གི་དབུས་པའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ལ་དགོས་དོན་མེད་པ་དེ་ཚོ་ཆོལ་ཁའི་སྒྲིག་འཛུགས་ཀྱིས་སྣེ་འཁྲིད་དེ་མེད་པར་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་།དེ་རིང་ཞོགས་པའི་ཆུ་ཚོད་ ༧ ཐོག  དྷ་རམ་ས་ལའི་ལྷ་རྒྱལ་རིར་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ ༣༦ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཚོགས་སོང་བ་དང་།  སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་དབུས་སྤྱི་འཐུས་ཁག་ཅིག་དང་དྷ་ས་ས་གནས་མགོ་འཛིན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༦༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་མར་དབུས་གཙང་ཆོལ་ཁའི་དབུས་རྒྱུན་སྤྱི་ཁྱབ་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་ཀྱིས་ཡིག་ཐོག་གཏམ་བཤད་གནང་བའི་ནང་། དབུས་གཙང་མི་མང་དང་སྒྲིག་འཛུགས་བར་འབྲེལ་ཐག་རིང་དྲག་པའི་དབང་གིས་རྒྱ་ཆེ་ས་གནས་མང་ཚོགས་ཀྱི་མངོན་འདོད་དང་འཕྲལ་ཕུགས་དཀའ་ངལ་ཁག་དུས་ཐོག་ཏུ་གསལ་པོ་མ་རྟོགས་པའི་སྐྱོན་ཆ་དང་། མི་མང་སྤྱི་དང་ལྷག་དོན་དུ་བོད་ནས་རྗེས་འབྱོར་རྟེན་མེད་རིགས་དང་བྱེ་བྲག་ཉམ་ཐག་དང་ནད་གཅོང་སོགས་ལ་ལྟ་རྟོག་མ་ཐུབ་པའི་དཀའ་ངལ་མི་ཉུང་ཙམ་འཕྲད་ཀྱི་ཡོད་སྐོར་དང་། དབུས་གཙང་ཆོལ་ཁའི་གཞོན་སྐྱེས་མང་པོ་ཞིག་གིས་དེ་སྔ་དབུས་གཙང་ཆོལ་ཁའི་མི་རབས་རྒན་པ་ཚོས་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ངལ་བསྐྱོན་པའི་གནས་ཚུལ་ཤེས་རྟོགས་དང་འབྲེལ། ཆོལ་ཁའི་སྒྲིག་འཛུགས་ལ་ཡིད་ཆེས་སྲ་བརྟན་ཡོང་ཆེད་ཆོལ་ཁའི་མང་ཚོགས་དང་སྒྲིག་འཛུགས་བར་ཕན་ཚུན་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་སོང་།

ཡང་ཆོལ་གསུམ་ཆིག་སྒྲིལ་སྐོར་ལ་ཁོང་གིས། ད་ལྟ་མགོ་འཁྲིད་པའི་ཚོགས་གཙོ་ང་རང་དང་། རྒྱུན་ལས་དང་ས་གནས་བཅས་ལ་བློ་འཚབ་ཆེ་ཤོས་དེ་ནི་སྐུ་མདུན་གྱི་དགུང་ལོ་བགྲེས་རུ་ཕེབས་པའི་གནས་སྟངས་འོག ང་ཚོ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དེ་ཆེས་ཛ་དྲག་ཏུ་འགྱུར་བཞིན་པ་ཞིག་ཏུ་མཐོང་ཡོང་གི་འདུག ཉེ་ཆར་བུད་མེད་སྒེར་ལངས་ཉིན་མོའི་ཐོག་དམིགས་བསལ་སྐུ་མགྲོན་གྱིས་ཆིག་སྒྲིལ་ཁ་ནས་བཤད་དེ་ཡོང་རྒྱུ་མི་འདུག དོན་དངོས་ཀྱི་ཆིག་སྒྲིལ་དེ་རང་རང་སོ་སོ་དང་མགོ་འཁྲིད་ཚོས་མགོ་འཁྲིད་ནས་འབད་བརྩོན་གནང་དགོས་འདུག ཅེས་གསུངས་སོང་བས། དེ་སེམས་ལ་ཟུག་པོ་བྱུང་། དེ་བས་ང་ཚོ་མི་སྒེར་དང་ང་ཚོའི་སྒྲིག་འཛུགས། མི་རབས་རྒན་པ་ཚོས་བློ་གཏོང་གནང་དགོས་སར་བློ་གཏོང་གནང་སྟེ་དེའི་ཐོག་ཤུགས་བསྐྱོན་འདུག་ལ། ང་ཚོའི་ངོས་ནས་ཀྱང་དེའི་ཐོག་ཤུགས་རྒྱག་གི་ཡོད། རྣམ་པ་ཚོས་ཀྱང་ཆོལ་གསུམ་སྐྱིད་སྡུག་མཉམ་མྱོང་གིས་རང་སྲིད་རང་སྐྱོང་ཐོག་གནས་ཐུབ་ཐབས་སུ་གཅིག་སྒྲིལ་དང་མཉམ་གནས་ཡོང་བར་རང་རང་སོ་སོས་འཁུར་བཞེས་ནས་འབད་བརྩོན་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་རེད་འདུག ཅེས་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། བར་སྐབས་ཤིག་ནས་ང་ཚོའི་སྤྱི་ཚོགས་ནང་ཟ་ང་ཟིང་ངེ་ཞིག་ཆགས་ཡོད་པ་རེད། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་སྐེག་དངོས་གཞི་ལ་འཁེལ་ཡོད་པ་དང་དགུང་ལོ་མཐོན་པོ་ཞེ་དྲག་ལ་ཕེབས་ཡོད་པ་རེད། དེ་བས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ང་ཚོའི་སྒྲིག་འཛུགས་ངོས་ནས་མ་མཐུན་པ་དང་མ་འཆམ་པ། མ་འགྲིག་པ་གང་དུ་ཡོད་པ་དེ་ཚོ་མཐུན་པ་དང་འཆམ་པ། འགྲིག་པ་བཅས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་དེ་ཡོང་དགོས་ཀྱི་འདུག དེ་ཡོང་བར་ང་ཚོ་ཚང་མས་དོན་གྱི་ཐོག་ནས་འབད་བརྩོན་གནང་དགོས་འདུག་པས། རྐྱེན་གང་ལ་བརྟེན་ནས་མ་མཐུན་པ་དེ་མཐུན་པར་བཟོ་བར་ལམ་ཁ་ག་རེ་ཡོད་པ་དེ་ཚོའི་ཐོག་ལ་དེ་རིང་དབུས་གཙང་ཆོལ་ཁ་ལོ་ ༣༦ འཁོར་བའི་མཛད་སྒོའི་ཐོག་ཡོད་པ་ཚོ་ཙམ་མིན་པར། བོད་ཆོལ་ཁ་གསུམ་གྱིས་དམིགས་བསལ་གྱི་ཐུགས་འགན་བཞེས་དགོས་ཀྱི་འདུག ༧རྒྱལ་བ་རིན་པོ་ཆེའི་དགུང་སྐེག་དངོས་གཞི་ལ་ཕེབས་ཡོད་པས། སེར་ག་ཆེན་པོ་གས་ཡོད་པ་དེ་ལོ་འདི་ལ་མེད་པར་བཟོ་རྒྱུ་དེ་ཞེ་པོ་གལ་ཆེན་རེད། ཆོལ་ཁའི་ཐ་སྙད་ཀྱི་མིང་གི་ཐོག་ནས་འགལ་ཟླ་མང་པོ་ཞིག་ཆགས་ཡོད་པ་དེ་ང་ཚོ་བཙན་བྱོལ་དུ་གནས་མཁན་གྱི་བོད་མི་ཚོར་དགོས་དོན་ཡོད་པ་མ་རེད་ལ། གཞིས་ལ་ཡོད་པའི་བོད་མི་ཚོར་ཡང་དགོས་ཀྱི་ཡོད་པ་མ་རེད། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེ་ལའང་དགོས་ཀྱི་ཡོད་པ་མ་རེད། དེ་བས་མི་དགོས་པ་དེ་མེད་པར་བཟོ་དགོས་རེད། དེ་མེད་པར་བཟོ་བར་ཆོལ་ཁའི་སྒྲིག་འཛུགས་དང་དབུས་ལ་ཡོད་མཁན་ཚོས་ཐུན་མོང་གིས་གྲོས་བྱས་པའི་ཐོག་ག་རེ་གནང་དགོས་ཀྱི་ཡོད་པ་དེ་གནང་དགོས་པ་ཞེ་པོ་གལ་ཆེན་པོ་རེད་འདུག ཅེས་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༡༦

Leave a Reply

2 thoughts on “མ་མཐུན་པ་གང་དུ་ཡོད་ན་དེ་མཐུན་པ་བྱོས།

  1. གཞུང་པ་ཚེ་དབང་བསོད་ནམའ་

    ཆོལ་ཁ་ཟེར་བའི་ཐ་སྙད་དེ་སོག་པོའི་བོད་དུམ་བུར་གཏོང་
    རྒྱུའི་སོག་སྐད་ལ་ང་ཚོའི་འགན་འཁུར་བ་ཞིག་མ་རེད་དམ།

  2. ༄༅། ཚོགས་འཇོམས་ག་དུས་བྱས་ཀྱང་ཚང་མས་མཐུན་ལམ་དགོས་སྐོར་ཤ་སྟག་བཤད་།
    ཉི་མ་གཉིས་གསུམ་ནས་རང་འཇགས་སྔར་བཞིན་གནས་ན་ཁ་བཤད་ཆུ་ཡི་ལྦོ་འ་རང་རེད་མ་གཏོགས་གཞན་ཅི་ཡང་མེད།
    མཐུལ་ལམ་བྱེད་དགོས་ཟེར་ཡང་གོང་མ་ཚོ་རེད། མཐུན་མེད་པ་བཟོ་མཁན་ཡང་གོང་མ་ཚོ་རེད།
    ཤ་མ་ཟ་ཟེར་མཁན་ཡང་དགེ་བཤེས་རེད། ཤ་དང་པོ་ཞ་མཁན་ཡང་དགེ་བཤེས་རེད་འདུག།