༧སྐུའི་དགུང་སྐེག་ལ་བོད་གཞུང་མང་ཡོངས་ནས་བརྟན་བཞུགས་འབུལ་རྒྱུ་ཡིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་ཆེད་བོད་མི་རེ་རེ་ནས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྒོར་ ༥།༢༥ རེ་ཞལ་འདེབས་སུ་འབུལ་གནང་ཡོང་བའི་འབོད་སྐུལ་གནང་སོང་།
དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་གཉིས་ཀྱིས། ལོ་འདིར་གནས་ཆུང་ཆོས་རྒྱལ་གྱི་བཀའ་ལུང་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་སྐེག་དངོས་གཞི་དང་བསྟུན། བོད་གཞུང་དམངས་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྐོར་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ནས་བརྟན་བཞུགས་བསྟར་འབུལ་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་སྒྲོག་སྦྱངས་གནང་བའི་ནང་། ཉེ་སྔོན་བོད་ཀྱི་ལོ་སར་ཚེས་བཅུའི་ཉིན་བོད་མིའི་སྒྲིག་འཛུགས་ནས་གཞུང་བསྟེན་དགྲ་ལྷ་གནས་ཆུང་ཆོས་རྒྱལ་སྤྱན་དྲངས་ཏེ་༧རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་བསྟན་སྲིད་སྐོར་ནས་བཀའ་ལུང་ཞུས་པ་ལྟར་གནས་ཆུང་ཆོས་རྒྱལ་མཆོག་ནས། བོད་ཆོལ་གསུམ་ཆོས་བརྒྱུད་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་གསོལ་འདེབས་ཞུ་དགོས་པའི་བཀའ་ལུང་ཕེབས་པ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཀྱང་བརྟན་བཞུགས་བསྟར་འབུལ་ཆོག་པའི་བཀའ་བཞེས་བཟང་པོ་ཐོབ་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གོ་སྒྲིག་འོག་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་གཞུང་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་གཏན་འཁེལ་གནང་ཡོད་། ཅེས་བཀོད་འདུག

ཡང་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ཀྱི་དད་དམ་དང་སྤྱི་མཐུན་དགེ་ཚོགས་འབྲེལ་མཚོན་ཕྱིར། བོད་མི་མི་རེ་ངོ་རེ་ནས་སོ་སོའི་གནས་ཡུལ་གྱི་ཡུལ་སྒོར་ ༥།༢༥ རེ་ཞལ་འདེབས་འབུལ་གནང་ཡོང་བ་དང་། དེ་ལས་བརྒལ་བའི་ཞལ་འདེབས་འབུལ་བློ་ཡོད་རིགས་རྣམས་ནས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ གོང་ནས་རང་གི་ས་གནས་མགོ་འཛིན་གྱི་ལས་ཁུངས་སམ། དེ་མིན་སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་འབུལ་དགོས་པའི་རེ་སྐུལ་ཞུས་གནང་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ན་ནིང་རྡོ་རྗེ་གདན་དུ་ལོ་སར་སྔོན་ལ་ང་ཚོས་དགུང་སྐེག་སྔོན་འགྲོའི་སྐབས་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་བའི་བསྐལ་བ་བཟང་པོ་བྱུང་ཡོད་པ་རེད། དེ་ནས་དགུང་སྐེག་དངོས་གཞི་ཕེབས་ཡོང་གི་ཡོད་དུས། ད་ལན་ལོ་སར་སྐབས་གནས་ཆུང་སྤྱན་འདྲེན་སྐབས་བརྟན་ཞུགས་འབུལ་དགོས་པའི་བཀའ་ལུང་ཕེབས་པ་ལྟར། ཐེངས་འདིའི་བརྟན་བཞུགས་དེ་གཙོ་བོ་བླ་མ་དང་སློབ་མའི་བར་དམ་ཚིག་གཙང་མ་ཡོང་ཆེད་དང་། མགོ་འཁྲིད་དང་མི་མང་བར་ལ་མཐུན་སྒྲིལ་ལེགས་པོ་ཡོང་རྒྱུ་གལ་གནད་ཡིན་པར་བརྟེན། བོད་ཀྱི་ཆོལ་ཁ་ཆོས་བརྒྱུད་མི་མང་ཡོངས་ནས་དེ་འབྲེལ་གྱི་སྨོན་ལམ་དང་ཆ་ཤས་ལེན་རྒྱུའི་རེ་འདུན་ཞུ་ཡི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༡༨

Leave a Reply

One thought on “༧སྐུའི་དགུང་སྐེག་ལ་བོད་གཞུང་མང་ཡོངས་ནས་བརྟན་བཞུགས་འབུལ་རྒྱུ་ཡིན།

  1. ཐུགས་རྗེ་གཟིགས། ང་ཚོ་ནི་ནང་པ་ཡིན་པའི་་་ སྐག་ཞེས་པའི་ཐ་སྙད་དེ་གང་ནས་བྱུང་བ་ཡིན་ནམ་མཉམ། ངའི་གོ་ཡ་ལ་ སྐག་ ཞེས་པ་ ཐ་སྙད་དེ་་་ རྒྱ་ནག་ནས་ཡིན་པར་གོ། དེ་བྱེད་དུས་ སྐག་དེ་་་ སྔ་བོ་རྒྱ་ནག་གི་ཆོས་ལུགས་ཞིག་ཡིན་པར་འདྲ། རྟེན་བཞུགས་ངོ་མ་དེ་ནི་་་ ང་རང་ཚོ་བོད་པ་ལས་ཀྱི་སྣེ་མོ་བ་དང་མི་དམངས་ དུས་རྒྱུན་ལྡན་ནས་གཡོ་རྒྱུ་ཁྲམ་གསུམ་ངོ་ལྐོག་མེད་་པར་ ལྷག་བསམ། ཁོང་གིས་བཀའ་དགོངས་སྒྲུབ་རྒྱུ། གཞོན་སྐྱེ་ཚོ་སྤྱོད་ལམ་དང་སློབ་སྦྱོང་སོགས་འབད་བརྩོན་ཧུར་ཐག་གནང་རྒྱུ། ཆོལ་གསུམ་འདོར་ནས་ བོད་གཅིག་གི་ཐུན་སྒྲིལ། ཆོས་ལུགས་འདོར་ནས་ དཔལ་ན་ལན་ད་ཡིས་ཆོས་རྒྱུད་ཆིག་སྒྲིལ། ཁོང་གིས་དགོངས་པ་ མ་དཀྲུག་ཡ། ཁོང་གིས་ཐུགས་བློ་བདེ་པོ་བཟོ་རྒྱུ་དེ་ཡིན་མཉམ། བཀའ་ལུངས་ཡིན་ན་ནི་བརྗོད་མེད་རེད། དེ་མིན་༧ཁོང་གིས་གསུང་ཆོས་ལ་་་ དེ་སྔ་ང་ཚོ་སྨོན་ལམ་ནི་བརྒྱབ་པ་རེད། ཞབས་བརྟན་ནི་བྱེད་པ་རེད། དགུ་གཏོར་ནི་བརྒྱབ་པ་རེད། ཀྱང་ཕན་མ་སོང་ང། ཁྱེད་ཀྱིས་བསམ་ཚུལ་ཅི ?
    ༄། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབསན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།། བོད་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ།། བཀྲ་ཤིས་བདེ་ལེགས། 🙏