སྤྱི་འཐུས་མང་པོས་དོགས་འདྲི་དགོངས་འཆར་ཞུས།

གྲོས་ཚོགས་ཀྱི་ལས་ཉིན་གཉིས་པར་སྤྱི་འཐུས་ཁག་ཅིག་ནས་ཨོ་གླིང་དུ་གཏོང་བཞིན་པའི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་རྣམས་ལ་ཞིབ་འཇུག་ནན་པོ་དགོས་སྐོར་དགོངས་འཆར་ཞུས་སོང་།

དེ་རིང་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༢ པའི་ཚོགས་ཐུན་ ༢ དང་ ༣ པའི་ཐོག་བདེ་སྲུང་ལས་ཁུངས་དང་ས་གནས་འཐུས་ཚོགས་སོགས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཁག་ཅིག་ནས་བོད་མིའི་སྐྱབས་བཅོལ་ལག་དེབ་(RC)ཕར་འགྱངས་སྐོར་དང་། ཕྱིར་བསྐྱོད་ཆོག་མཆན་(Exile Permit)ཞུ་ཕྱོགས་ཀྱི་དཀའ་ངལ། ཨོ་གླིང་གི་ཆབ་སྲིད་བཙོན་ཟུར་གཏོང་ཕྱོགས་དང་ད་ལྟའི་གནས་སྟངས། དེ་བཞིན་བཀའ་ཤག་གི་དམིགས་བསལ་སྐུ་དབང་ཐོག་ལས་བྱེད་བསྐོ་བཞག་ཅི་བྱུང་དང་། དྷ་ས་ས་འཐུས་ཀྱི་ཚོགས་ཁང་གི་གནས་སྟངས་སོགས་ཀྱི་སྐོར་ལ་བདེ་སྲུང་བཀའ་བློན་མཆོག་དང་དཔལ་འབྱོར་བཀའ་བློན་མཆོག་རྣམ་གཉིས་ལ་དོགས་འདྲི་ཁག་ཅིག་ཞུས་སོང་།བགྲོ་གླེང་སྐབས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། དེ་སྔོན་སྤྱི་འཐུས་ལྷན་ཚོགས་ནས་ཡིད་ཆེས་བྱས་ཏེ་བཀའ་ཤག་ལ་དམིགས་བསལ་ལས་བྱེད་ ༡༨ བསྐོ་བཞག་གནང་རྒྱུའི་སྐུ་དབང་སྤྲད་ཡོད་པ་དེ་དག་ལ་གླ་ཕོགས་གནང་ཕྱོགས་གང་འདྲ་ཡིན་མིན་དང་། ད་བར་ལས་བྱེད་མང་པོ་བསྐོ་བཞག་གནང་ཡོད་པ་དང་། དེ་དག་གི་ཁྲོད་ནས་དུས་ཡུན་མ་རྫོགས་གོང་ནས་དགོངས་ཞུ་གནང་མཁན་ཡང་མང་པོ་བྱུང་ཡོད་པ་དང་། ཡང་འགའ་ཤས་ཀྱི་དུས་ཡུན་རྫོགས་རྒྱུ་མེད་པ་ལྟ་བུའི་གནས་ཚུལ་ཐོན་གྱི་འདུག་པས།

ད་ལྟའི་ཆར་དམིགས་བསལ་བསྐོ་བཞག་བྱས་པའི་ལས་བྱེད་ག་ཚོད་ཡོད་མེད་དང་། ད་བར་ག་ཚོད་ཀྱིས་དགོངས་ཞུ་དང་ག་ཚོད་ཀྱི་དུས་ཡུན་ཕར་འགྱངས་བྱས་ཡོད་མེད་བཀའ་འདྲི་ཞུས་པར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། ད་ལྟའི་ཆར་དམིགས་བསལ་ལས་བྱེད་ཅི་ཙམ་བསྐོ་བཞག་བྱས་ཡོད་མེད་གསལ་བོ་མེད་པས་རྗེས་སུ་ཞུ་རྒྱུ་ཡིན་པ་དང་། ཕལ་ཆེར་དགོངས་པ་ཞུ་མཁན་གསུམ་བྱུང་ཡོད་ལ། སྒྲིག་གཞི་ལྟར་བཀའ་ཤག་གི་ལས་ཡུན་ལོ་ལྔ་དང་ཟླ་དྲུག་ནང་ཚུད་ལ་མ་གཏོགས་བསྐོ་བཞག་བྱེད་ཀྱི་མེད་པ་དང་། དུས་ཡུན་རྫོགས་མཚམས་མུ་མཐུད་བསྐོ་བཞག་བྱེད་མིན་དེ་སྐབས་དེའི་དགོས་དབང་ལ་ཐུག་གི་ཡོད་སྐོར་གསུངས་སོང་།

ཉིན་རྒྱབ་ཏུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས་སོགས་ཀྱིས། དེ་སྔོན་འཛིན་སྐྱོང་བཀའ་ཤག་ལ་ངོ་རྒོལ་བྱེད་མཁན་མང་པོ་ཞིག་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་ཀྱི་མིང་ཐོག་ནས་ཨོ་སི་ཊོ་ལི་ཡར་བཏང་ཡོད་སྐོར་སྤྱི་ཚོགས་ནང་ལབ་གླེང་བྱེད་ཀྱི་ཡོད་པས། བདེ་སྲུང་ལས་ཁུངས་ནས་དེའི་ཐད་ཐུགས་སྣང་བྱུང་ཡོད་མེད་དང་། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་སོགས་གཏོང་བའི་ཆ་རྐྱེན་ཅི་ཡོད། དེ་བཞིན་དེང་སང་ཆ་རྐྱེན་སྔར་ལས་གུ་ཡངས་སུ་བཏང་ཡོད་ཀྱང་། ཨོ་གླིང་དུ་བསླེབས་ཟིན་པའི་ཆབ་སྲིད་བཙོན་ཟུར་འགའ་ཤས་ཀྱི་བྱ་ཕྱོགས་ཀྱི་རྐྱེན་པས་ཆབ་སྲིད་ཐོག་སྐུ་ལས་བསྐྱོན་མྱོང་མཁན་གྱི་བོད་མི་ཚོར་མིང་ཆད་བཟོ་བཞིན་འདུག་པས། བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་མི་དེ་དག་ལ་དོ་སྣང་དང་ཞིབ་འཇུག་གང་ལེགས་གནང་གལ་ཆེན་པོ་ཡིན་སྐོར་དང་། རྒྱ་གར་ནང་གནས་སྡོད་བོད་མི་ཚོ་བདུན་ཕྲག་གཉིས་ནང་ཚུད་ལ་ཕྱི་རྒྱལ་ཁག་ཏུ་བསྐྱོད་དགོས་ཚེ་ཕྱིར་སྐྱོད་ཆོག་མཆན་(Exit Permit) ཞུ་དགོས་ཀྱི་མེད་པའི་སྒྲིག་ཁྲིམས་དེར་འགྱུར་བ་སོང་ཡོད་མེད་དང་། དེའི་རྐྱེན་གྱིས་གནམ་ཐང་ཁག་ཏུ་བོད་མི་མི་ཉུང་བ་ཞིག་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་སྐོར་སོགས་ཀྱི་དགོངས་ཚུལ་བཏོན་སོང་།
དེ་ལ་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས། བདེ་སྲུང་ལས་ཁུངས་ནས་མི་དེའི་བོད་ནང་ག་རེ་བྱས་འདུག་པ་དང་ཡང་ན་མི་དེའི་ནང་མི་འབྲེལ་ཡོད་ནས་ཆབ་སྲིད་དང་འབྲེལ་བའི་ལས་ཀ་ཅི་བྱས་ལ་ཞིབ་འཇུག་བྱས་པ་མ་གཏོགས་བཀའ་ཤག་ལ་ངོ་རྒོལ་བྱས་ཡོད་མེད་ལ་བལྟས་མེད་སྐོར་དང་། ཨོ་གླིང་དུ་གནས་སྡོད་ཆབ་སྲིད་བཙོན་ཟུར་མི་རེ་འགས་ཚོགས་པ་ཟུར་འཛུགས་ཀྱིས་སྤྱི་ཚོགས་ལ་བརྡབ་གསིག་སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་པ་དེར་དོ་སྣང་བྱེད་བཞིན་ཡོད་སྐོར་དང་། ད་བར་སྤྱི་ཚོགས་ནང་བདེ་སྲུང་ལས་ཁུངས་ཀྱིས་ཆབ་སྲིད་བཙོན་ཟུར་གཏོང་ཕྱོགས་སྐོར་ལ་དེ་དང་འདི་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་སོང་ཡང་། ཡིག་ཐོག་ནས་བསམ་ཚུལ་འདོན་མཁན་སུ་ཡང་བྱུང་མེད་སྐོར་དང་། བོད་མི་ཡོངས་ལ་འགན་ཡོད་པར་བརྟེན། གལ་ཏེ་མི་ཞིག་ཆབ་སྲིད་བཙོན་ཟུར་ཐོག་ནས་ཨོ་གླིང་དུ་གཏོང་རྒྱུར་འོས་འཚམ་མིན་ཚེ། བདེ་སྲུང་ལས་ཁུངས་ལ་ཞུ་རྒྱུ་གལ་ཆེན་ཡིན་པ་དང་། བདེ་སྲུང་ལས་ཁུངས་ངོས་ནས་དེར་བསྟུན་གྱི་ཐག་གཅོད་བྱ་ངེས་ཡིན་སྐོར་དང་། བདེ་སྲུང་ལས་ཁུངས་ངོས་ནས་བོད་མིའི་སྐྱབས་བཅོལ་ལག་དེབ་དང་། ཕྱིར་སྐྱོད་ཆོག་མཆན་སོགས་ཀྱི་ཐད་ལ་དཀའ་ངལ་འཕྲད་བཞིན་པ་ཤེས་རྟོགས་ཡོད་པ་མ་ཟད། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་གནས་ཚུལ་ཞུ་མུས་ཡིན་སྐོར་གསུངས་སོང་།

ཡང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་གཉིས་ཀྱིས། དེང་སྐབས་བོད་མི་ཚོར་སྐྱབས་བཅོལ་ལག་དེབ་དུས་འགྱངས་སོགས་ཀྱི་ཐད་ནས་དཀའ་ངལ་སྔར་ལས་ལྷག་པ་འཕྲད་བཞིན་ཡོད་པ་དངོས་འབྲེལ་ཡིན་པ་དང་། དེ་བཞིན་བོད་མི་ཚོས་སྐྱབས་བཅོལ་ལག་དེབ་དུས་ཐོག་ཕར་འགྱངས་མ་ཞུས་པའི་དངུལ་ཆད་ལ་ཨ་སྒོར་སྤྲོད་དགོས་ཀྱི་འདུག་ཀྱང་། བྷང་ལ་ཌི་ཤི་དང་པཱ་ཀི་སི་ཐན་གྱི་སྐྱབས་བཅོལ་བ་དེ་ཚོས་ཧིན་སྒོར་ཐོག་ནས་སྤྲོད་ཀྱི་འདུག་པས། འབྲེལ་ཡོད་ལས་ཁུངས་ཁག་གིས་རྒྱ་གར་ལས་ཁུངས་དང་འབྲེལ་བ་བྱས་ཏེ་བོད་མི་རྣམས་ལ་ཡང་ཁོ་ཚོ་ལྟར་ཧིན་སྒོར་ནང་དངུལ་ཆད་སྤྲོད་རྒྱུ་ཡོང་བ་ཞིག་བཟོ་གལ་ཆེ་སྐོར་ཞུས་སོང་བ་དང་། དེ་དང་འབྲེལ་ནས་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས། ཉེ་ལམ་བོད་མིའི་བྱིས་པ་རྣམས་ཀྱིས་ཀྱང་སྐྱབས་བཅོལ་ལག་དེབ་བཟོ་དགོས་པའི་སྲིད་བྱུས་ཀྱི་རྒྱབ་ལྗོངས་རྒྱུ་མཚན་གང་ཡིན་མིན་སྐོར་བཀའ་འདྲི་ཞུས་པར་བདེ་སྲུང་བཀའ་བློན་མཆོག་གིས། དཀའ་ངལ་དེ་ཚོ་སེལ་ཆེད་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་བ་ཞུ་མུས་ཡིན་ལ། སྲིད་བྱུས་དེ་ཚོ་རྒྱ་གར་གཞུང་ནས་གཏན་འབེབ་གནང་བ་ཞིག་ཡིན་སྐོར་གསུངས་སོང་།དེ་བཞིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རྣམ་གཉིས་ཀྱིས་བཞུགས་སྒར་དྷ་སའི་ས་གནས་བོད་མིའི་ཚོགས་ཁང་དེ་ས་གནས་གཞན་གྱི་ཚོགས་ཁང་དང་བསྡུར་ན། འཛིན་ཆས་སོགས་མཐུན་རྐྱེན་གྱི་ཆ་ནས་ཧ་ཅང་སྐྱོ་བོ་ཡིན་པ་མ་ཟད། འབྲེལ་ཡོད་དྷ་ས་ས་གནས་མགོ་འཛིན་ངོས་ནས་བཀའ་ཤག་ལ་ཚོགས་ཁང་བསྐྱར་བཟོའི་འབོད་སྐུལ་ཞུས་པ་དེར་ལན་འདེབས་གསལ་བོ་ཞིག་གནང་མེད་སྐོར་ཞུ་བཞིན་འདུག་པས་དེ་འབྲེལ་གསལ་བོ་བཟོ་གལ་ཆེ་སྐོར་ཞུས་པར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། ལས་ཁུངས་ཁག་ནས་དཔལ་འབྱོར་ལས་ཁུངས་ལ་དུས་ཐོག་འཆར་འབུལ་ཞུ་ཐུབ་དགོས་ཀྱི་ཡོད་ཀྱང་། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབ་ཀྱི་སྔོན་ཚུད་ལ་ཕུལ་ཐུབ་མེད་པས། ཐེངས་འདིའི་སྔོན་རྩིས་ནང་དྷ་སའི་ཚོགས་ཁང་སྐོར་འཁོད་ཐུབ་མེད། ཡིན་ན་ཡང་། མ་འོངས་པར་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་དཔལ་འབྱོར་ལས་ཁུངས་ལ་དེ་འབྲེལ་གྱི་སྙན་ཞུ་ཕུལ་ཚེ། དཔལ་འབྱོར་ལས་ཁུངས་ངོས་ནས་ཐག་གཅོད་ཅི་དྲག་གནང་རྒྱུ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་ཉེ་ཆར་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། གཞུང་གི་མཛད་གཙོ་རྣམ་པའི་ཁོངས་སུ་འཛིན་སྐྱོང་མ་གཏོགས་སྤྱི་འཐུས་ཕར་ཞོག སྤྱི་འཐུས་རྒྱུན་ལས་ཀྱང་ཚུད་ཀྱི་མི་འདུག་པས། དབུས་བོད་མིའི་སྒྲིག་འཛུགས་ཟེར་དུས་དམངས་གཙོའི་ཀ་བ་གསུམ་མཉམ་འདུས་ཀྱི་སྒྲིག་འཛུགས་ལ་གོ་ཡི་ཡོད་མེད་དོགས་འདྲི་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གདན་ཐོབ་ཀྱི་རིམ་པའི་སྐོར་བཀའ་འདྲི་ཞུས་པར་བདེ་སྲུང་བཀའ་བློན་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོའི་སྐབས་ཀྱི་གདན་ཐོབ་རིམ་པ་དེ་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་སྒྲིག་གི་ཡོད་སྐོར་གྱི་ལན་འདེབས་གནང་སོང་། དེ་ནས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ད་བར་བཀའ་སྤྱི་གཉིས་ཀའི་ཐོག་ནས་གདན་ཐོབ་ཀྱི་སྐོར་ཐག་གཅོད་གནང་རྒྱུ་ཡིན་ཞེས་གསུངས་ནས་དུས་ཡུན་ག་ཚོད་འགོར་ཡོད་མེད་ཚང་མས་ཤེས་གསལ་ཡིན་པ་དང་། སྤྱི་འཐུས་ལས་ཐོག་ལས་ཟུར་གྱི་གདན་ཐོབ་ཀྱི་རྩ་འཛིན་སྒྲིག་གཞི་དེ་གང་ལ་གཞི་བཞག་ཡོད་མེད་སོགས་བཀའ་འདྲི་ཞུས་པར་བདེ་སྲུང་བཀའ་བློན་མཆོག་གིས། འབྲེལ་ཡོད་སྤྱི་འཐུས་རྒྱུན་ལས་དང་། སྤྱི་འཐུས། དེ་ནས་སྤྱི་ཟུར་གྱི་གདན་ཐོབ་རིམ་པ་དེ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོས་གནང་གི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༢༠

Leave a Reply

4 thoughts on “སྤྱི་འཐུས་མང་པོས་དོགས་འདྲི་དགོངས་འཆར་ཞུས།

  1. གྲོས་ཚོགས་ནང་སྤྱི་འཐུས་སོ་སོའི་སྒེར་གྱི་འཚོར་བ་དང་། བསམ་འཆར། བསམ་ཚུལ། མྱོང་འཚོར་སོགས་བཤད་རྒྱུའི་ར་བ་མ་རེད། གནས་ཡུལ་རྒྱ་གར་དང་ཕྱི་རྒྱལ་ཁབ་ཁག་ལ་སྐོར་བསྐྱོད་ཕེབས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་དཀའ་སྡུག་ཁག་བཤད་དགོས་བ་དེ་རེད། ཆིག་སྒྲིལ་གྱི་བཀའ་མོལ་དེ་དག་མ་གསུང་སྔོན་སྣེ་ཡོད་མི་སྣ་ཡོངས་ནས་ཆིག་སྒྲིལ་གྱི་ནུས་པ་ཐོན་དགོས་པ་ལས་ཁ་སྐམ་པོའི་གཏམ་བཤད་ཕན་རླབས་ཡོང་ས་མ་རེད།

  2. སྤྱི་འཐུས་འགའ་ཞིག་གིས་བྱེད་སྟངས་ཧ་ལས་པ་སྐྱུར་བྲོ་རེད་ཟེར་མཆོག་གི་འདུག
    གང་ལྟར་བཀའ་ཤག་གིས་ཕྱག་ལས་ག་ཚད་གནང་པ་ཡིན་ན་ད་དུང་མ་འགྲིག་པའི་རྣམ་འགྱུར་བསྟན་པ་དེར་སྒེར་ནད་ཁོ་ན་རེད་འདུག
    དེ་འདྲའི་མི་ཞིག་བོད་མི་དམངས་ཀྱི་སྤྱི་འཐུས་ཞིག་འདེབས་ཐོན་བྱུང་ཡོད་པ་དེར་བྷློ་ཕམ་རང་བཞིན་རེད།་བོད་ཀྱི་རྩ་དོན་ལ་ཕན་པ་ཅི་ཡང་མེད་པ་མ་ཚད་ནང་ཁུལ་གྱི་ཆིག་སྒྲིལ་ལ་ཕན་པའི་སྐད་ཆ་སྣེ་གཅིག་བཤད་རྒྱུ་མི་འདུག གང་ལྟར་དེ་རིགས་ཁོ་ཚོས་སྒེར་གྱི་འདོད་དོན་བསྒྲུབ་མཁན་རང་རེད་འདུག།

  3. གཞུང་པ་ཚེ་དབང་བསོད་ནམའ་

    གནས་ཡུལ་རྒྱལ་ཁབ་ཀྱི་ལག་ཁྱེར་སྤ་སེ་དང་ཕྱི་འཐོན་ལག་
    ཁྱེར་Exit Permit དང་Clearance Certificat སོགས་
    དྲ་ལམ་on line ནས་ཞུ་རྒྱུ་བཟོས་པ་འདིའི་མི་མང་ལ་ཕན་ཐོགས་
    ཆེན་པོ་འདུག་པ་དེ་སྔོན་བཞིན་ལྐོག་བརྔན་སྤྲོད་མི་དགོས་པ་དུས་
    ཚོད་འཕྲོ་རླག་མི་འགྲོ་བ་སོགས་ཕན་ཐོག་ཆེན་པོ་འདུག་ཀྱང་སྤྱི་འཐུས་
    ཚོར་དཀའ་ངལ་འཕྲད་ཡོད་ན་ཧ་མི་གོ།

  4. སྤྱི་འཐུས་འགའ་ཞིག་གིས་ནམ་ཡང་དྲི་བ་ཞིག་དྲིས་ནའང་འདྲ་བསམ་འཆར་ཞིག་བཤད་ནའང་འདྲ། ཡོད་ཚད་ནང་ཁུལ་གྱི་ཞེ་འཁོན་རྩོད་བྱེད་ལས་ཅི་ཡང་མི་འདུག་ཅིང་། བོད་ཀྱི་རྩ་དོན་ལ་ཕན་པ་དང་ནང་ཁུལ་གྱི་ཆིག་སྒྲིལ་ལ་ཕན་པའི་སྐད་ཆ་སྣེ་གཅིག་བཤད་རྒྱུ་མི་འདུག གང་ལྟར་དེ་རིགས་རྒྱུ་གཞུང་དང་དངུལ་དངོས་ཀྱི་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་ཁོ་ཚང་གི་འདོད་དོན་བསྒྲུབ་མཁན་དུ་གྱུར་འདུག་པས། ནང་གི་འབུ་སྲིན་འདི་དག་ལ་ནམ་ཡང་གཟབ་དགོས་སོ།