ཐུགས་གསོའི་གསུང་འཕྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནེའུ་ཛི་ལན་ཌིའི་ནང་དམར་གསོད་དོན་རྐྱེན་བྱུང་བ་དེར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུགཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནེའུ་ཛི་ལན་ཌིའི་སྲིད་བློན་ལྕམ་ཇ་སིན་ཌ་ཨ་ཌི་རན་(Ms. Jacinda Adern)ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། ཉེ་སྔོན་ནེའུ་ཛི་ལན་ཌིའི་ནང་དྲག་སྤྱོད་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་གསོལ་འདེབས་དང་། ཁོང་ཚོའི་ཤུལ་ལུས་ནང་མི་དང་གྲོགས་པོ་གྲོགས་མོ། དེ་བཞིན་ནེའུ་ཛི་ལན་ཌིའི་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ཅེས་གསུངས་འདུག

དེ་ཡང་༧གོང་ས་མཆོག་གི་གསུང་འཕྲིན་ནང་།  བརྩེ་བའི་ཇ་སིན་ཌ་ཨ་བ་ཌི་རན་ལགས་སུ་ཞུ་རྒྱུར། བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་ཀི་རིས་ཆར་ཆི་གྲོང་ཁྱེར་(Christchurch)ནང་སྨོན་ལམ་གྱི་སྐབས་སུ། ཤི་རྨས་ཀྱི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ངོས་རང་ཧ་ཅང་སེམས་པ་སྐྱོ་བོ་བྱུང་སྟབས། སྐུད་ཉིད་བརྒྱུད་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་གསོལ་འདེབས་དང་། ཁོ་ཚོའི་ཤུལ་ལུས་ནང་མི་གཙོས་གྲོགས་པོ་གྲོགས་མོ་རྣམ་པ་དང་ནེའུ་ཛི་ལན་ཌིའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད།  སྐུ་ཉིད་ཀྱི་བློ་སྟོབས་དང་རྣམ་དཔྱོད་ལྡན་པའི་མགོ་འཁྲིད་འོག དྲག་སྤྱོད་ལས་དོན་སྤེལ་མཁན་ཟུར་དུ་བཞག་སྟེ་རྐྱེན་འདས་སུ་ཕྱིན་པ་རྣམས་ནེའུ་ཛི་ལན་ཌི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་པ་ཡོངས་བསྒྲགས་གནང་བར་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ང་ཚོ་ཚང་མ་གཞན་རྟེན་ཡིན་པས་ང་ཚོས་ཁོ་ཚོར་གདུང་མཉམ་སྐྱེད་ངེས་པར་ཞུ་དགོས། ངོས་ས་ཕྱོགས་གང་དུ་སོང་ཡང་དེ་རིང་ཁ་སང་འཛམ་གླིང་སྒང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ནང་གི་གཅིག་ངོས་རང་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། ཁ་སང་དེ་རིང་ང་ཚོས་ཆོས་ལུགས་འཐེན་འཁྱེར་དང་དམ་ཚིག་བརྗེ་སྤོར་རྒྱག་ཐབས་སོགས་ཀྱི་མིང་ཐོག་ནས་མི་ཕན་ཚུན་གསོད་རེས་བྱེད་བཞིན་པ་མཐོང་སྐབས་བསམ་ཡུལ་ལས་འདས་པ་ཞིག་ཏུ་མཐོང་གི་འདུག་པས། ངོས་ནས་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་གོ་རྟོགས་སྤེལ་བའི་དམིགས་ཡུལ་བཟུང་ཡོད་ལ།  ང་ཚོ་འགྲོ་བ་མི་ཆ་ཚང་ལུས་སེམས་གཉིས་དང་། དེ་བཞིན་ཚོར་བ་བཅས་གཅིག་མཚུངས་ཡིན་པ་རེད། ཁྱེད་དང་ནེའུ་ཛི་ལན་ཌིའི་མི་མང་གིས་ཁ་ཆེའི་མི་མང་ལ་བྱམས་བརྩེ་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་བཞིན་ཡོད། དམིགས་བསལ་འཛམ་གླིང་གིས་མིག་དཔེ་ལྟ་དགོས་པ་ཞིག་ལ་ཀི་རིས་ཆར་ཆི་གྲོང་ཁྱེར་ནང་དོན་རྐྱེན་བྱུང་རྗེས། མི་མང་པོ་ཞིག་ཁ་ཆེ་ལྷ་ཁང་དུ་སོང་ནས་ཁ་ཆེ་མི་མང་དང་ལྷན་དུ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་རེད། ཅེས་དང་། ལྕམ་ཇ་སིན་ཌ་ཨ་ཌི་རན་ལགས་ཀྱིས་དབུ་འཁྲིད་པའི་གཞུང་ནས་མེ་མདའི་ཁྲིམས་གཞིར་བསྒྱུར་བཅོས་གཏོང་འཆར་ཡོད་པ་དེས་ཞི་བདེ་དང་བདེ་འཇགས་བསྐྲུན་པར་ཕན་ཐོགས་ཡོང་གི་ཡོད་ཀྱང་། ཞེ་སྡང་དང་འཇིགས་སྣང་ལ་སྐུ་ཉིད་ཀྱིས་གནང་སྟངས་ལྟར་སེམས་པ་བཟང་པོས་ཞི་འཇམ་དུ་གཏོང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

ནེའུ་ཛི་ལན་ཌིའི་དམར་གསོད་དོན་རྐྱེན་ཁྲོད་ཉུང་མཐར་མི་གྲངས་ ༥༠ ལྷག་རྐྱེན་འདས་དང་། མི་གྲངས་ ༢༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་སྟབས། ཡུལ་དེའི་ལོ་རྒྱུས་ཁྲོད་ཀྱི་དམར་གསོད་དོན་རྐྱེན་ཤུགས་ཆེ་ཤོས་དེ་ཆགས་ཡོད་འདུག དོན་རྐྱེན་བྱུང་མ་ཐག་ཡུལ་དེའི་སྲིད་བློན་ལྕམ་ཇ་སིན་ཌ་ཨ་ཌི་རན་ལགས་ཀྱིས། དམག་སྤྱོད་རང་འགུལ་མེ་མདའ་དང་(Assault rifle)ཉོ་ཚོང་བཀག་སྡོམ་བྱས་ཡོད་པ་མ་ཟད། གང་མགྱོགས་མེ་མདའ་ཉོ་ཚོང་གི་ཁྲིམས་གཞིར་བསྐྱར་བཅོས་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༢༡

Leave a Reply