ཞི་ཅིན་ཕིན་ཁྲིམས་གཏུག་བྱས།

ཞི་ཅིན་ཕིན་གྱིས་ཡུ་རོབ་ཀྱི་རྒྱལ་ཁབ་གསུམ་ནང་ཚོང་དོན་སོགས་ཀྱི་ཆེད་དུ་སྐོར་སྐྱོད་བྱེད་བཞིན་ཡོད་པ་དང་བསྟུན་བོད་དང་ཡུ་གུར་གཙོ་བོར་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོས་ངོ་རྒོལ་བྱེད་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ནས་ཉིན་གྲངས་ ༦ རིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨི་ཊི་ལི་(Italy)དང་། མོ་ཎ་ཁོ་ (Monaco)། ཧྥ་རན་སི་བཅས་ཡུ་རོབ་ཀྱི་རྒྱལ་ཁབ་གསུམ་ནང་གཞུང་དོན་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་ཨི་ཊི་ལིར་བསླེབས་ཏེ། དེ་རིང་ཞོགས་པར་ཨི་ཊི་ལིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ཚོང་འབྲེལ་ལས་གཞི་དེའི་ནང་ཞུགས་ཆེད། རྒྱུས་ལོན་ཆོད་ཡིག་(Memorandum of Understanding)ལ་མིང་རྟགས་བཀོད་ཡོད་པར་བརྟེན། ཨི་ཊི་ལི་དེ་ཨ་རི་དང་ཁ་ན་ཌ། ཧྥ་རན་སི། འཇར་མན། ཨི་ཊི་ལི། ཉི་ཧོང་། དབྱིན་ཡུལ་(UK)བཅས་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་(G7) ཀྱི་ཁོངས་ནས་རྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་ངོས་ལེན་བྱེད་མཁན་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་པ་དང་། མ་འོངས་པར་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཁག་ནང་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་མགོ་འཛུགས་ས་ཆགས་ཡོད་སྐོར་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་ཞི་ཅིན་ཕིན་ཡུལ་དེའི་ནང་འབྱོར་སྐབས། ས་གནས་བོད་རིགས་མི་མང་དང་ཡུ་གུར་བ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ། དེ་བཞིན་ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་ཀྱིས། ཨི་ཊི་ལིའི་རྒྱལ་ས་རོམ་ (Rome) དུ་ངོ་རྒོལ་སྐད་འབོད་གནང་ཡོད་པ་མ་ཟད། ཨི་ཊི་ལི་གཞུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ཁུལ་དུ་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གི་ལུགས་མཐུན་མ་ཡིན་པའི་བྱ་སྤྱོད་དེ་དག་མཚམས་འཇོག་ཡོང་བར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། དེ་བཞིན་འཇར་མན་དུ་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་ལྷ་ཚོགས་(World Uyghur Congress) ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཨི་ཊི་ལི་གཞུང་ནས་ཞི་ཅིན་ཕིན་ལ་ཐུག་འཕྲད་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་འཛིན་དགོས་པའི་འབོད་སྐུལ་ཞུས་འདུག

གཞན་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་སོགས་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཧྥ་རན་སིའི་སྲིད་འཛིན་མེ་ཁོ་རོན་ལགས་སུ་ཞི་ཅིན་ཕིན་ལ་ཐུག་འཕྲད་གནང་སྐབས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ནས་གླེང་སློང་དང་། བཙོན་ཁང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། བོད་དང་ཡུ་གུར་གྱིས་མཚོན་པའི་ཆོས་ལུགས་ཚོགས་སྡེ་དང་མི་རིགས་ཁག་ལ་སྡུག་སྦྱོང་མནར་གཅོད་མཚམས་འཇོག་བྱེད་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༢༤ ནས་ ༢༥ བར་ཉིན་གྲངས་གཉིས་ཀྱི་རིང་ཞི་ཅིན་ཕིན་གྱིས་ཧྥ་རན་སིའི་སྐོར་སྐྱོད་བྱ་རྒྱུ་ཡིན་སྟབས། ཧྥ་རན་སི་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་ཆོལ་གསུམ་གྱི་ཚོགས་པ་བཅས་ཐུན་མོང་ཐོག་ཊོ་རོ་ཁ་ཌེ་རོ་(Trocadero) ནས་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་འཆར་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དྲ་རྒྱ་(Winter Bitter)ཞེས་པའི་དྲ་རྒྱའི་ནང་། མཐའ་མཚམས་མེད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཡུ་རོབ་ཆོས་དད་ལྷན་ཚོགས་གཙོ་བོར་གྱུར་བའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་པ་མི་འདྲ་བ་ ༡༤ མཉམ་འབྲེལ་ཐོག ཨི་ཊི་ལིའི་སྲིད་འཛིན་དང་སྲིད་བློན་ལ་ཡོངས་ཁྱབ་ཞུ་ཡིག་ཅིག་ཕུལ་བའི་ནང་། ད་ལྟའི་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་བབ་དེ་རིག་གནས་གསར་བརྗེའི་རྗེས་ཀྱི་ཛ་དྲག་ཆེ་ཤོས་ཆགས་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ནང་བསྟན་ཆོས་ལུགས་ལ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཏའོ་ཆོས་ལུགས་ཀྱི་སྐུ་བརྙན་རིགས་རྩ་གཏོར་བཏང་བ་དང། དེ་བཞིན་ས་ཁུལ་འགའ་ཤས་ནང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་དང་ཡེ་ཤུའི་ཆོས་ལུགས་ལ་བཀག་སྡོམ་བྱེད་བཞིན་ཡོད་ལ། ཆེད་མཁས་པས་ཞིབ་འཇུག་བྱས་པ་ལྟར་ན། ཤིན་ཅང་ཁུལ་དུ་ཁ་ཆེ་ཡུ་གུར་བ་ཉུང་མཐར་ས་ཡ་གཅིག་ཙམ་ཆབ་སྲིད་བསྒྱུར་བཀོད་ཁང་ནང་བཅུག་ཡོད་སྟབས། ཚོང་འབྲེལ་དང་གྲོས་ཆོད་གཞན་གང་འདྲ་ཞིག་གིས་ཀྱང་དོན་དངོས་དེ་དག་ལ་གཡོལ་ཐབས་མེད་པ་དང་། ཨི་ཊི་ལིས་རང་གི་རིན་ཐང་དང་སྲོལ་རྒྱུན་ལ་བརྩི་སྲུང་གིས་སྲིད་འཛིན་ཞི་ཅིན་ཕིན་མཉམ་དུ་གྲོས་མོལ་བྱེད་སྐབས། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གླེང་སློང་གནང་བའི་ཡིད་ཆེས་ཡོད་སྐོར་ཞུས་འདུག

ཐེངས་འདིའི་ཞི་ཅིན་ཕིན་གྱི་ཡུ་རོབ་སྐོར་སྐྱོད་དེ་ནི་འདི་ལོའི་ཞི་ཅིན་ཕིན་གྱི་རྒྱལ་ཕྱིའི་སྐོར་སྐྱོད་ཐོག་མ་དེ་ཆགས་སྟབས། ད་ལན་གཙོ་བོ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཀྱི་ཚོང་འབྲེལ་ལས་གཞིར་རྒྱབ་སྐྱོར་འཚོལ་ཐབས་སུ་དམིགས་པ་ཞིག་ཡིན་འདུག་ལ། ཉེ་སྔོན་ཨི་ཊི་ལིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་ཞུགས་འདོད་ཡོད་པའི་ཐག་གཅོད་ཕྱིར་བསྒྲགས་བྱས་རྗེས། ཨ་རི་དང་ཡུ་རོབ་སྤྱི་མཐུན་སོགས་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱིས་སྐྱོན་བརྗོད་དང་བློ་འཚབ་བྱས་ཡོད་པ་དང་། ད་ལྟའི་ཆར་ཨ་རི་དང་རྒྱ་གར་སོགས་འཛམ་གླིང་རྒྱལ་ཁབ་ཆེན་པོ་ཁག་ཅིག་ནས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེར་སྐྱོན་བརྗོད་དང་། མ་འོངས་པར་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་བྱས་ཏེ་མཉམ་ཞུགས་བྱས་མེད་པ་མ་ཟད། མཐུན་གྲོགས་རྒྱལ་ཁབ་རྣམས་ལའང་ལས་གཞི་དེའི་ནང་མཉམ་ཞུགས་མི་བྱེད་པའི་འབོད་སྐུལ་བྱེད་བཞིན་ཡོད་པ་རེད། ཡི་ནའང་། རྒྱ་ནག་གཞུང་གིས་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་དོ་མཉམ་གྱི་ཐོག་ནས་ཡར་རྒྱས་དང་། མཉམ་གནས་མཉམ་སྤྱོད་ཀྱི་སྡིངས་ཆ་བླ་ན་མེད་པ་ཞིག་ཡིན་སྐོར་བསྒྲགས་ཏེ། ཨེ་ཤ་ཡའི་ནང་གི་ཁྱིམ་མཚེས་རྒྱལ་ཁབ་ཉམ་ཆུང་རྣམས་གཙོ་བོར་བཟུང་ནས་ཆབ་སྲིད་ཀྱི་གནོན་ཤུགས་དང་བསླུ་བྲིད་འདྲ་མིན་འོག་ལས་གཞི་དེའི་འོག་ཚུད་ཐབས་བྱེད་བཞིན་ཡོད་པ་རེད།

ཉེ་སྔོན་ཨི་ཊི་ལིའི་ནང་སྲིད་བློན་ཆེན་མེ་ཊེའོ་སཱལ་ཝི་ནི་(Matteo Salvini) ཡིས། གཞི་རྩའི་ཆ་ནས་ཨི་ཊི་ལིའི་བཟོ་གྲྭ་དང་ཁེ་ལས་བའི་ཆེད་དུ་ཁྲོམ་ར་གསར་པ་ཞིག་འབྱེད་རྒྱུ་གལ་ཆེན་ཡིན་ཡང་། རྒྱལ་ཁབ་ཀྱི་བདེ་སྲུང་དང་མངོན་འདོད་སྲུང་སྐྱོབ་བྱེད་དགོས་ངེས་ཡིན་སྐོར་དང་། རྒྱ་ནག་དང་འཛུགས་བསྐྲུན་སོགས་ཀྱི་ཐད་ལ་གྲོས་ཆོད་མ་བཞག་སྔོན་ལ་ཡིད་གཟབ་བྱེད་གལ་ཆེ་སྐོར་བརྗོད་ཡོད་པ་དང་། དབྱེ་ཞིབ་པ་འགའ་རེས་བརྗོད་ན། ཨི་ཊི་ལིར་ཚོང་འབྲེལ་གྱི་ཐོག་ནས་རྒྱ་ནག་ལ་བུ་ལོན་ཕོན་ཆེན་ཡོད་པར་བརྟེན། ལས་གཞི་དེར་མ་ཞུགས་ཐབས་མེད་བྱུང་ཡོད་སྐོར་དང་། ཡང་འགའ་རེས་ལས་གཞི་དེའི་ནང་ཞུགས་ཏེ་ཨི་ཊི་ལི་ལ་བུ་ལོན་སྔར་ལས་ཆེ་བ་བཟོ་སྲིད་པའི་ཉེན་ཁ་ཡོད་སྐོར་སོགས་བརྗོད་ཀྱི་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཧྥི་ལི་པིན་(Philippines) རྒྱལ་ཁབ་ཀྱི་ཕྱི་སྲིད་དྲུང་ཆེ་ཨལ་བྷེ་ཊི་ཌལ་རོ་ས་རིའོ་(Albert del Rosario) དང་། ལྐོག་ས་རུལ་སུངས་དོ་དམ་ཁང་གི་འགན་འཛིན་ཀོན་ཅི་ཊ་ཀར་པིའོ་མོ་རེལ་སི་(Conchita Carpio Morales) ཡིས་སྣེ་འཁྲིད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཉ་པ་སྐོར་ཞིག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་བཏང་སྟེ། ཁུལ་དེའི་ཉ་པའི་འཚོ་རྟེན་ལ་དོ་ཕོག་ཤུགས་ཆེན་པོ་གཏོང་གི་ཡོད་སྟབས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་(International Criminal Court) ལ་ཁྲིགས་གཏུག་བྱས་ཡོད་འདུག ཁོ་ཚོའི་ཞུ་གཏུག་ཡི་གེའི་ནང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དབང་བསྒྱུར་བྱེད་ཆེད་མཚོ་ཁུལ་གྱི་རང་བྱུང་ཁོར་ཡུག་འགའ་ཤས་ལ་གཏོར་བརླག་ཚབས་ཆེན་བཏང་བ་དེས། ཧྥི་ལི་པིན་གྱི་མི་སེར་ཉ་པ་རྣམས་ཀྱི་འཚོ་རྟེན་དང་། ཧྥི་ལི་པིན་ཚུད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མཐའ་ཁུལ་རྒྱལ་ཁབ་ཁག་གི་ད་ལྟ་དང་མ་འོངས་མི་རབས་རྣམས་ལ་དོ་ཕོག་ཚབས་ཆེན་བཟོ་ཡི་ཡོད་པས། ཁྲིམས་ཁང་གིས་གནད་དོན་དེར་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་དགོས་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༢༣

Leave a Reply

3 thoughts on “ཞི་ཅིན་ཕིན་ཁྲིམས་གཏུག་བྱས།

  1. ཨ་མདོ་རྒྱམ་ཁོ།

    དེ་ལྟར་མི་མཐུད་དུ་ངོ་རྒོལ་བྱས་ན་བོད་རྒྱ་ཞི་བའི་གྲོས་མོལ་ནམ་ཡང་ཡོང་ཐུབ་གི་མ་རེད། སྐྱབས་མགོན་རིན་པོ་ཆེའི་དགོངས་པ་དང་འགལ་ནས་དབུ་ལམ་ལ་བརྟེན་ནས་བོད་མིའི་གནད་དོན་སེལ་ཐུབ་གི་མ་རེད། གང་ཡིན་ཟེར་ན་དེ་ལྟར་བྱས་ནས་ལོ་རྒན་༦༠་སོང་ཡོད་ཀྱང་ཕན་འབྲས་མ་བྱུང་བ་མིག་མཐོང་ལག་ཟིན་རེད། མཉམ་འབྲེལ་རྒྱལ་ཚོགས་ནི་ཁྲིམས་ལུགས་ཀྱིས་ནུས་པ་ཡོངས་སུ་ཤོར་ཟིན་པའི་ཚོགས་སྡེ་ཞིག་ཡིན་པས་དུས་ནམ་ཡང་ལག་ལེན་དོན་འཁྱོལ་བྱུང་བར་ལོ་བརྒྱ་ཕྲག་ཁ་ཤས་འགོར་གི་རེད།