དུས་དྲན་ཉིན་དམ་དྲག་ཆེན་པོ་བྱ་རྒྱུ་རེད།

རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོར་བཙན་བཟུང་བྱས་ཏེ་ལོ་ངོ་ ༦༠ འཁོར་བའི་སྐབས་དང་བསྟུན་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཞི་བའི་བཅིངས་འགྲོལ་བཏང་བའི་དུས་དྲན་ཟེར་བ་དམིགས་བསལ་གྱི་དམ་དྲག་དོགས་ཟོན་འོག་སྲུང་གཙི་བྱ་རྒྱུ་ཡིན་འདུགདེ་རིང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ།  ༣:༢༨ བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཞི་བའི་བཅིངས་འགྲོལ་བཏང་སྟེ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་ཟེར་བའི་དམིགས་བསལ་མཛད་སྒོ་ཞིག་བསྡུ་རྒྱུ་ཡིན་སྟབས། ད་ལྟ་ནས་དམ་དྲག་དོགས་ཟོན་བྱེད་ཀྱི་ཡོད་པ་མ་ཟད། ཉིན་དེར་གྲོང་ཁྱེར་ཧྲིལ་པོའི་གཞུང་ལམ་ཁག་ཅིག་བཀག་སྡོམ་བྱ་རྒྱུ་ཡིན་པས་ཁ་ལ་ཉན་པོ་དང་ཡ་རབས་གུས་བརྩི་ལྡན་པ་དགོས་སྐོར་བསྒྲགས་འདུག་ལ། ཕྱི་ལོ་ ༢༠༠༩ ལོར་དུས་དྲན་དེ་ཐོག་མར་སྲུང་གཙི་མགོ་འཛུགས་བྱེད་སྐབས་བོད་མིའི་སྒྲིག་འཛུགས་དང་། མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངོས་བཞེས་གཏན་ནས་མེད་པའི་རྒོལ་གཏམ་བསྒྲགས་གནང་ཡོད་པ་རེད།

བཀག་སྡོམ་གྱི་བརྡ་ཐོ་དེའི་ནང་ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༩ །༤༥ ནས་མཛད་སྒོ་གྲོལ་མ་སོང་བར་དུ། རྒྱ་ནག་གཞུང་གིས་བཟོས་པའི་ལྷ་ས་གྲོང་ཁྱེར་གྱི་པེ་ཅིན་དཀྱིལ་ལམ་ཟེར་བ་དང་འཁར་རྔ་གདོང་ལྷོ་ལམ་གྱི་བཞི་མདོའི་ཤར་ནས་ནུབ་ཀྱི་ཕྱོགས་སུ་སྐྱོད་མི་ཆོག་པ་དང་། པེ་ཅིན་དཀྱིལ་ལམ་ཟེར་བ་དང་གླིང་སྐོར་ནུབ་ལམ། གླིང་སྐོར་ནུབ་ལམ་དང་ནོར་བུ་གླིང་ཁའི་ལམ་གྱི་གསུམ་མདོའི་ནུབ་ནས་ཤར་གྱི་ཕྱོགས་སུ་སྐྱོད་མི་ཆོག་པ། ཉང་བྲན་ལྷོ་ལམ་དང་པེ་ཅིན་ཤར་ལམ་ཟེར་བའི་བཞི་མདོ་ཁ་དང་པེ་ཅིན་དཀྱིལ་ལམ་ཟེར་བ། འཁར་རྔ་གདོང་ལྷོ་ལམ་གྱི་བཞི་མདོ་ནས་ནུབ་ཀྱི་ཕྱོགས་སུ་བཅས་སྐྱོད་མི་ཆོག་པ་དང་། དེ་བཞིན། ཉང་བྲན་ལྷོ་ལམ་དང་པེ་ཅིན་ཤར་ལམ་ཟེར་བའི་བཞི་མདོ། གཡུ་ཐོག་ལམ། མཁར་རྔ་གདོང་ལྷོ་ལམ་གྱི་གསུམ་མདོ། བཅིངས་འགྲོལ་ཤར་ལམ་ཟེར་བ་དང་མཁར་རྔ་གདོང་ལྷོ་ལམ་གྱི་གསུམ་མདོ། བདེ་སྐྱིད་ལམ་དང་ནོར་བུ་གླིང་ཁ་ལམ་གྱི་བཞི་མདོ།  གླིང་སྐོར་ནུབ་ལམ་དང་པེ་ཅིང་དཀྱིལ་ལམ་ཟེར་བའི་བཞི་མདོ་བཅས་སུ་འགྲོ་འོང་ཚོད་འཛིན་བྱ་རྒྱུ་ཡིན་པས། ཁ་ལོ་བ་ཚོས་ཡུལ་དངོས་སུ་ཁྲིམས་འཛིན་མི་སྣའི་བཀོད་འདོམས་ལ་ཉན་ནས་བཅའ་ཁྲིམས་ཁྲིམས་སྲོལ་ཁག་ལ་བརྩི་སྲུང་ཞུས་ཏེ་ཡ་རབས་གུས་ཞབས་ལྡན་པའི་སྒོ་ནས་འགྲོ་སྐྱོད་དགོས་སྐོར་བརྗོད་འདུག

རྒྱ་གཞུང་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་གྲོལ་བཏང་ཟེར་བའི་དུས་དྲན་དེ་ཕྱི་ལོ་ ༢༠༠༩  ལོའི་ཟླ་ ༡ ཚེས ༡༩ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་བའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་ཐོག་གྲོས་འཆམ་བྱུང་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༨ ནས་བཟུང་ལོ་ལྟར་དུས་དྲན་དེ་སྲུང་གཙི་བྱེད་བཞིན་ཡོད་པ་དང་། འདི་ལོར་བོད་ལ་དམངས་གཙོའི་བཅོས་བསྒྱུར་ཟེར་བ་བྱས་ཏེ་ལོ་ ༦༠ དང་། དུས་དྲན་དེ་སྲུང་གཙི་བྱས་ནས་ལོ ༡༠ འཁོར་གྱི་ཡོད་སྟབས། སྔར་ལྷག་དམ་དྲག་དོགས་ཟོན་དང་གྲ་སྒྲིག་གཟབ་ནན་བྱེད་ཀྱི་ཡོད་འདུག་ལ། དུས་དྲན་དེའི་སྐབས་སུ་ལོ་ལྟར་གཞུང་འབྲེལ་གསར་ཁང་ཚོས་བོད་རྙིང་བར་བཅོས་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་ཆོས་དང་རིང་གཞུང་། མི་མང་ལ་ཤེས་ཡོན་ཐོབ་ཚད་དང་། མི་མང་གི་འཚོ་བའི་ཆུ་ཚད། བུད་མེད་ཀྱི་ཐོབ་ཐང་གོང་འཕེལ་དུ་ཕྱིན་ཡོད་ལུགས་སོགས་ཕྱི་ལོ་ ༡༩༥༩ དང་དཔྱད་བསྡུར་གྱིས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་དུས་དྲན་དེ་སྲུང་གཙི་གཏན་འབེབ་བྱས་རྗེས། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང་། སྐབས་དེའི་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས། མི་ལོ་ལྔ་བཅུའི་རིང་རྒྱ་ནག་གཞུང་གི་གདུག་རྩུབ་དང་བཙན་དབང་འོག བོད་མི་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་གནས་སྟངས་བྱུང་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་འཛམ་གླིང་ནང་གསལ་བོ་གང་འདྲ་ཆགས་ཡོད་མེད་ལ་མ་ལྟོས་པར། བོད་མིའི་འཚོ་བ་ཡར་རྒྱས་བཏང་ཡོད་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད། གལ་སྲིད་དེ་དག་དངོས་ཡོད་ཡིན་ན། ཁ་སང་དང་དེ་རིང་བོད་མི་ཚོ་འཛིན་བཟུང་བཙོན་འཇུག་དང༌། སྡུག་སྦྱོང་མནར་གཅོད་གཏོང་དགོས་དོན་མེད། དུས་དྲན་དེ་ཁྱབ་བསྒྲགས་ཆེད། ད་ལོའི་ལོ་གསར་སྐབས་ནས་བོད་མི་ཚོར་བཙན་གྱིས་སྤྲོ་སྐྱིད་གཏོང་དུ་བཅུག་སྟབས། ངོ་རྒོལ་སྐད་འབོད་དང་འཛིན་བཟུང་བཙོན་འཇུག ཚེ་སྲོག་ཤོར་བ་སོགས་ཀྱི་གནས་སྟངས་བྱུང་ཡོད། ཅེས་གསུངས་ཡོད་པ་རེད།

ཡང་སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དུས་དྲན་དེ་ངོས་བཞེས་མེད་པའི་གྲོས་ཆོད་ཅིག་བཞག་པའི་ནང་། ད་རེབ་རྒྱ་ནག་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་གྲོལ་ཐོབ་སྟེ། མི་ལོ་ ༥༠ འཁོར་བའི་དུས་དྲན་དང༌། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ། མི་ལོ་ ༥༠ འཁོར་བའི་དགའ་སྤྲོའི་དུས་དྲན་གཉིས་དགའ་སེམས་འཁོལ་བའི་ངང་ཕྱི་ཚེས་ ༢༨ ཉིན་གཙི་སྲུང་བྱ་རྒྱུ་ཡིན་ཟེར་དེ་དོན་དངོས་དང་མི་མཐུན་ཞིང༌། གཞིས་བྱེས་བོད་མིའི་མངོན་འདོད་དང་མི་འཚམས་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངོས་ལེན་མེད་པ་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་གཞུང་གིས་ལོ་ངོ་ ༥༠ ཕྱིན་པའི་རྗེས་སུ་གློ་བུར་དུ་དུས་དྲན་དེ་ལྟ་བུ་ཞིག་གཞི་རྒྱ་ཆེན་པོས་སྲུང་གཙི་བྱེད་དགོས་དོན་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མི་ཚོར་ཁ་བྲལ་བ་ཞེས་ཉེས་འཛུགས་སྐྱོན་འདོགས་དང་། བོད་ནང་གི་བོད་མི་ཚོར་མགོ་སྐོར་དང་བསླུ་བྲིད་གཏོང་ཐབས། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་ནང་གི་དངོས་ཡོད་གནས་ཚུལ་སྦེད་སྐོང་དང་། བོད་ཀྱི་བདེན་དོན་ནུས་མེད་དུ་གཏོང་ཐབས་ཤིག་ཡིན་པའི་ངོས་འཛིན་དང་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ།། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༢༥

Leave a Reply