བོད་ཡིག་འབྲི་ཀློག་གི་དཀའ་ངལ་མྱུར་ཏུ་སེལ་ཐབས་མ་བྱས་ན་ཉེས་ཆད་ཡོད།  

མཚོ་སྔོན་གཙན་ཚ་རྫོང་གིས་ཁོངས་གཏོགས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བོད་ཡིག་ཡར་རྒྱས་གཏོང་ཆེད་སློབ་གཙོ་དང་དགེ་རྒན་སོགས་ཀྱིས་འགན་འཁུར་དགོས་པ་དང་། རང་ཉིད་ལས་ཐོག་དེ་ན་ཡོད་བཞིན་དུ་སྐྱོན་གཞན་སྟེང་ནས་འཚོལ་བའི་ནད་རོ་དྲུངས་ནས་འབྱིན་དགོས་སྐོར་བསྒྲགས།ཟླ་འདིའི་ཕྱི་ཚེས་ ༢ ཉིན། མཚོ་སྔོན་གཅན་ཚ་རྫོང་སློབ་གསོ་ལས་ཁུངས་ནས་ཡོངས་ཁྱབ་བརྡ་ཐོ་ཞིག་བཏང་སྟེ། རྫོང་ཡོངས་ཀྱི་སློབ་གསོ་སློབ་འཁྲིད་དང་ལྷག་པར་དུ་བོད་ཡིག་སློབ་གསོ་ལ་ཡང་ཡང་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཡོངས་ཀྱི་བོད་ཡིག་གི་རྨང་གཞིའི་ཤེས་བྱའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། སློབ་མའི་ཡིག་གཟུགས་བཙོག་པ་རྒྱུན་འབྱམས་སུ་སོང་བ་དང་། ཀློག་ལ་མ་བྱང་བ། ཡིག་ནོར་ཧ་ཅང་མང་བའི་གནད་དོན་རྣམས་མྱུར་བ་མྱུར་ཏུ་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

སློབ་གསོ་ལས་ཁུངས་ཀྱིས་བཏང་བའི་བརྡ་ཁྱབ་ཡི་གེ་དེའི་ནང་སློབ་མའི་ཡིག་ནོར་དང་། སློབ་གྲྭ་སོ་སོས་ཡིག་གཟུགས་གྲལ་དག་ཅིག་འབྲི་མི་ཐུབ་པའི་སློབ་མ་དང་། ཀློག་ལ་མ་བྱང་བའི་སློབ་མ། ཡིག་ནོར་གྱི་རྒྱུན་ཆད་མེད་པའི་སློབ་མ་ག་ཚོད་ཡོད་ཀྱང་འཛིན་གྲྭ་ལོགས་སུ་བཀར་སྟེ། ཡིག་གཟུགས་འཛིན་གྲྭ་དང་། ཀློག་གི་འཛིན་གྲྭ། དེ་བཞིན་དག་ཡིག་འཛིན་གྲྭ་འཛུགས་པ་དང་། གཟའ་སྤེན་པ་དང་གཟའ་ཉི་མ། སློབ་ཕྱིའི་བྱ་འགུལ། དགོང་ཚོགས་ཀྱི་དུས་ཚོད་བེད་སྤྱད་ནས་ཆེད་དུ་དགེ་རྒན་བཀོད་སྒྲིག་བྱས་ཏེ། ཡིག་གཟུགས་དང་ཀློག ཡིག་ནོར་གྱི་གནད་དོན་ཐག་མ་བཅད་བར་ནད་ཀྱིས་མནར་བཞིན་སློབ་མཐར་ཕྱིན་པ་རྦད་དེ་གཅོད་དགོས། ཞེས་བརྗོད་འདུག

ཡང་ཡི་གེ་དེའི་ནང་སློབ་གཙོ་དང༌། སློབ་ཁྲིད་ལས་བགོས་སློབ་གཙོ། སློབ་སྟོན་པའི་འགན་འཛིན།  འཛིན་བདག བོད་ཡིག་དགེ་རྒན། བསླབ་བྱ་གཞན་དག་གི་དགེ་རྒན་ཡོངས་ཀྱིས་ཡིག་གཟུགས་ཡ་མ་བརླ་མ་རིག་ཁུལ་དང་། ཀློག་འཆལ་མ་འཆོལ་མ་གོ་ཁུལ། ཡིག་ནོར་དག་མ་མཐོང་ཁུལ་གཏན་ནས་མི་བྱེད་པར་ད་ནས་བཟུང་རང་རང་ལ་གང་བབ་ཀྱི་འགན་འཁྲི་རེ་ཡོད་པ་དེ་མ་ཐག་གདན་ཐོག་དེ་ནས་ཡོངས་སུ་འགྲུབ་པར་བྱེད་དགོས།  སློབ་གཙོ་དང་། ལས་བགོས་སློབ་གཙོ། སློབ་སྟོན་པའི་འགན་འཛིན། བོད་ཡིག་དགེ་རྒན་དག་གིས་གནད་དོན་དེ་དག་ཡོངས་སུ་ཤེས་ནས་ཡུན་རིང་འགོར་ནའང༌།  གནད་དོན་ཐག་གཅོད་པའི་ཐབས་ལམ་མ་རྙེད་པའམ་རྙེད་ཀྱང་ལག་ཏུ་བསྟར་མ་ནུས་པར། སློབ་གྲྭ་སོ་སོ་དང་། ལོ་རིམ་སོ་སོ། ཡུལ་ཕྱོགས་སོ་སོ་ལ་ཁག་འགེལ་རེས་དང་། འཁང་ར་བྱེད་རེས། རང་ཉིད་ལས་ཐོག་དེ་ན་ཡོད་བཞིན་དུ་སྐྱོན་གཞན་སྟེང་ནས་འཚོལ་བའི་ནད་རོ་དྲུངས་ནས་འབྱིན་དགོས།  ཞེས་བརྗོད་འདུག

མཇུག་ཏུ་ད་ནས་བཟུང་བོད་ཡིག་གི་ཡིག་གཟུགས་དང་། སྦྱོར་ཀློག ཡིག་ནོར་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དགོས་ལ། གལ་ཏེ་གནད་དོན་འདི་དག་ཡོངས་སུ་ཐག་གཅོད་མི་ཐུབ་པའི་འབྲེལ་ཡོད་མི་སྣ་མུ་མཐུད་དུ་སློབ་གྲྭ་དང་ལས་ཐོག་རང་ནས་སྣང་མེད་འགུལ་མེད་ཚོར་མེད་དུ་བསྡད་ན། དེ་ནི་སློབ་གསོའི་ཆག་སྒོ་ཞིག་ཏུ་བརྩིས་ཏེ། སློབ་གཙོ་གདན་ཞུ་དང་། ལས་བགོས་སློབ་གཙོའི་སྡེབ་སྒྲིག སློབ་སྟོན་པའི་འགན་འཛིན་བརྗེ་སྤོར། བོད་ཡིག་དགེ་རྒན་གྱི་སློབ་ཁྲིད་མཚམས་འཇོག  བསླབ་གཞི་གཞན་དག་གི་དགེ་རྒན་མིང་བཟུང་སྐྱོན་བརྗོད་བྱེད་པའི་གཞི་འཛིན་ས་ཞིག་ཏུ་གཏོང་རྒྱུ་ཡིན། ཞེས་བརྗོད་འདུག

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་མང་པོར་བོད་ཡིག་གི་དག་ཆ་ཡག་པོ་མེད་པ་དང་། བོད་སྐད་གཙང་དག་མིན་པའི་སྐད་ཆ་མང་པོ་ཡོད་པ་ལྟར། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་རྩལ་རྒྱུས་སྟོན་པ་བསོད་ནམས་གངས་བཟང་ལགས་སུ། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གི་ཀློག་རྩལ་ག་འདྲ་ཡོད་པ་དང་། ཤེས་རིག་ལས་ཁུངས་ངོས་ནས་བྱིས་པའི་ཀློག་རྩལ་ཡར་རྒྱས་གཏོང་ཐབས་ག་འདྲ་གནང་གི་ཡོད་དྲིས་པར་ཁོང་མོས། ཤེས་རིག་ལས་ཁུངས་ངོས་ནས་ཕྱི་ལོ་ ༢༠༡༤ ལོ་ནས་གཞི་རིམ་འོག་མའི་སློབ་ཕྲུག་ཚོར་ཀློག་རྩལ་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་སྲིད་བྱུས་གཏན་འབེབ་གནང་ཡོད་པ་དང་། གཞི་རིམ་འོག་མའི་སློབ་ཕྲུག་ཚོར་ཀློག་རྩལ་སྐོར་ཡར་རྒྱས་གཏོང་དགོས་དོན་ནི་བྱིས་པ་ཆུང་ཆུང་སྐབས་ཀློག་རྩལ་ཡར་རྒྱས་ཡག་པོ་སོང་བ་ཡིན་ན། ཆེན་པོ་ཆགས་རྗེས་སྐད་ཡིག་གི་རྩལ་ནུས་ཡག་པོ་ཡོད་པ་མཁས་པ་ཚོས་གསུངས་པ་བཞིན་བྱས་པ་ཡིན་པ་དང་། ལོ་རེ་བཞིན་སློབ་གྲྭ་ཁག་གི་ནང་སློབ་མའི་ཀློག་རྩལ་ཐད་དགེ་རྒན་ཚོར་ཟབ་སྦྱོང་དང་། སློབ་ཕྲུག་གི་ཕ་མ་ཚོར་ཀློག་རྩལ་ཐད་ཟབ་སྦྱོང་སྤྲོད་པ་སོགས་བྱེད་བཞིན་ཡོད་པ་དང་། དེ་སྔོན་སློབ་གྲྭ་གཅིག་གི་ནང་དཔེ་མཛོད་ཁང་གཅིག་ལས་མེད་ཀྱང་། རྗེས་སུ་འཛིན་གྲྭ་རེ་རེའི་ནང་ཟུར་དུ་དཔེ་མཛོད་ཆུང་ཆུང་རེ་བཙུགས་ཏེ་སློབ་ཕྲུག་ཚོའི་འབྲི་ཀློག་ཡར་རྒྱས་འགྲོ་ཆེད། ག་དུས་ཡིན་ན་དེབ་ཀློག་ཐུབ་པ་སོགས་བྱས་ཡོད་པ་རེད། སྤྱིར་ན་སློབ་ཕྲུག་ཚོས་ཀློག་རྩལ་ཡར་རྒྱས་འགྲོ་བཞིན་འདུག་ཅེས་ཐག་ཆོད་པོས་བཤད་ཁག་པོ་ཡིན་ན་ཡང་། དགེ་རྒན་དང་ཉམས་ཞིབ་པ་ཚོས་སྒྲུང་དེབ་མང་པོ་བཀླགས་པ་ཡིས་སློབ་ཕྲུག་ཚོ་དེ་སྔོན་དང་མི་འདྲ་བར་སྐད་ཆ་བཤད་སྟངས་ཇེ་ཡག་དང་། སྒྲུང་སོགས་བཤད་རྒྱུར་དགའ་བོ་ཆགས་ཡོད་སྐོར་བརྗོད་བཞིན་ཡོད་པ་དང་། སྒྲུང་དེབ་ཀློག་རྒྱུའི་ལས་གཞི་དེ་ཀློག་རྩལ་གཅིག་པུ་ཙམ་མ་ཡིན་པར་འབྲི་རྩལ་སོགས་ཚུད་ཀྱི་ཡོད་དུས། སློབ་མའི་འབྲི་རྩལ་ཡང་མཉམ་དུ་ཡར་རྒྱས་འགྲོ་བར་དམིགས་ཡུལ་བཟུང་ཡོད་པ་དང་། དེ་སྔོན་ཡིན་ན་བྱིས་པའི་སྒྲུང་དེབ་མང་པོ་ཞིག་དབྱིན་ཡིག་སོགས་ནས་བསྒྱུར་བ་དང་། བོད་ཀྱི་གནའ་རབས་སྒྲུང་རྩོམ་སོགས་ཡིན་ན་ཡང་། ཕྱིས་སུ་བྱིས་པ་རང་གི་གནས་བབ་དང་འཚམ་པའི་བྱིས་སྒྲུང་གསར་རྩོམ་སོགས་བྱས་ཏེ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།ཕྱི་ལོ་ ༢༠༡༠ ལོར་མཚོ་སྔོན་སློབ་གསོ་ཁང་གིས་རྒྱ་ཡིག་གཙོ་གཉེར་གྱི་སྲིད་བྱུས་གསར་པ་གཏན་འབེབ་བྱས་པར་བརྟེན། རེབ་གོང་དང་མཚོ་ལྷོ་ཆབ་ཆ་ཁུལ། མགོ་ལོག་སོགས་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་སྟོང་ཕྲག་མང་པོས་མི་རིགས་འདྲ་མཉམ་དང་སྐད་རིགས་རང་དབང་ཞེས་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། དེ་བཞིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་ ༤༠༠ ཙམ་གྱིས་མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧྭའི་ཤེར་རིག་དར་སྤེལ་ཞེས་པའི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༠༣

Leave a Reply

One thought on “བོད་ཡིག་འབྲི་ཀློག་གི་དཀའ་ངལ་མྱུར་ཏུ་སེལ་ཐབས་མ་བྱས་ན་ཉེས་ཆད་ཡོད།  

  1. གཞུང་པ་ཚེ་དབང་བསོད་ནམའ་

    རྒྱ་ནག་དབུས་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་དགོས་མཁོ་དང་
    མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་འོག་བོད་མི་རིགས་
    ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་དང་འགན་འཁུར་བྱེད་པའི་དུས་
    རབས་གསར་པ་ལ་ཁ་ཕྱོགས་པ་འདིའི་ག་རེ་སྟོན་གྱི་ཡོད་རེད་ཟེར་
    ན་བོད་ནང་ཡོད་པའི་བོད་མི་ཚོ་ད་ལྟའི་རྒྱ་ནག་གི་སྲིད་ཇུས་ལམ་
    ལུགས་ལ་རྒྱབ་སྐྱོར་དང་ངེས་པ་རྙེད་པའི་ཆེད་དུ་ད་ལྟའི་སྲིད་ཇུས་
    བོད་ཡིག་སློབ་འཁྲིད་ཙམ་ལས་དོན་དངོས་བོད་ཡུལ་རྒྱ་ཡུལ་ལ་རྒྱུར་
    ནས་མི་ལོ་དྲུག་བཅུ་ཟིན་པ་བོད་མི་བསམ་མེད་རྒྱ་མིའི་རྒྱུགས་ཁྱི་རེ་
    བཟུང་ཙམ་ལས་དེ་མིན་བོད་གཞིས་བྱེས་གཉིས་སུ་ཡོད་པའི་
    བསམ་ཡོད་རྒྱལ་ཞེན་གྱི་བསམ་བློ་དང་འགན་འཁུར་ཡོད་པའི་བོད་
    མི་ཚང་མས་གསལ་པོ་བློ་ངེས་སུ་ཡོད།