མི་ལོ་དྲུག་ཅུ་དང་སྐད་ཡིག་གི་གནད་དོན་དྲུག་ཅུ།

གཡུ་རྩེ། རྡ་ས།

སྤྱི་ལོ་༡༩༥༩ལོར་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་འདས་བའི་མི་ལོ་དྲུག་ཅུ་ཐམ་པའི་རིང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ནང་ཁ་འཐོར་དུ་གནས་ཤིང་། ད་ནི་ཆབ་སྲིད་དང་རིག་གནས་གཉིས་ཀྱི་ཐད་ནས་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གྲུབ་ཡོད་པའི་ཁྲོད། སྤྱི་ཡོངས་ནས་སྐྱབས་བཅོལ་བོད་མི་ཕལ་མོ་ཆེས་བོད་སྐད་ཀྱི་ལམ་ནས་ཕན་ཚུན་ལ་བརྡ་སྤྲོད་པ་དང་བོད་ཡིག་འབྲི་ཀློག་བྱེད་ཀྱིན་ཡོད་ནའང་། སྐྱབས་བཅོལ་བོད་མིའི་བོད་སྐད་ཡིག་གི་གནས་བབ་ལ་དགག་ཕྱོགས་ཀྱི་འགྱུར་བ་འགྲོ་འགོ་ཚུགས་ཡོད་པ་བསམ་ཤེས་ཀུན་ལ་མཐུན་སྣང་དུ་གྲུབ་ཡོད། རེད་དེ། ད་ཕན་ང་ཚོའི་ཤེས་ལྡན་པའི་ཁྲོད་དུ་དགག་ཕྱོགས་ཀྱི་འགྱུར་འགྲོས་དེ་ལས་གནད་དོན་རེ་འགའ་(དཔེར་ན་རྒྱུན་དུ་སྦྲགས་སྐད་བཤད་པ་ལ་སྐྱོན་བརྗོད་བྱེད་པ་དང་སྤྱི་ལོ་༢༠༡༦ལོར་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་ལས་འཕྲོས་པའི་རྙོག་གླེང་ལྟ་བུ།)གླེང་སློང་བྱས་པ་ཙམ་ལས། འདི་ལ་ཞིབ་འཇུག་བྱས་ཏེ་བྱེ་བྲག་གིས་དགག་སྒྲུབ་བྱས་པ་བྱུང་མེད།

དགག་ཕྱོགས་ཀྱི་འགྱུར་བ་ཇི་ལྟ་བུ་ཞིག་ཡིན་ནམ་ཟེར་ན། ད་ལྟའི་ཆར་ཁོ་བོའི་ཞིབ་འཇུག་གི་རིག་པ་ཕྲ་མོས་རྙེད་སོན་བྱུང་བ་ལའང་བཙན་བྱོལ་བོད་མིའི་སྐད་དང་ཡིག་གེ་ལ་བྱ་ཚིག་གི་འཕྲི་བ་གཉིས་དང་། རྒྱན་ཚིག་གི་ལྡོག་པ་གཉིས། ཚིག་ཕྲད་ལ་བསྣན་པ་གཅིག་དང་དོར་བ་གཅིག མིང་ལ་བསྲེས་པ་གཅིག་བཅས་བྱུང་ཡོད་པ་དང་། འདི་དག་རེ་རེ་ལ་བྱེ་བྲག་གི་སྒོ་ནས་ཞིབ་འཇུག་གིས་སྤྱི་སྡོམ་བྱས་ན། མིང་དང་ཚིག་ཕྲད། བྱ་ཚིག རྒྱན་ཚིག་བཅས་ཀྱི་འགྱུར་བ་ཞིག་སྟེ། བོད་སྐད་ཡིག་ལ་རྩ་བའི་རྨང་རྡོ་ལྟ་བུ་ཚོགས་གསུམ་ཡོད་པ་ལས་མིང་གི་ཚོགས་དང་ཚིག་གི་ཚོགས་གཉིས་ལ་ཐུག་ཡོད་པས། འདི་ནི་ཡིག་ཚོགས་མང་པོ་ཞིག་སྤུངས་ནས་ཛ་དྲག་གི་སྐད་ཆ་མང་པོ་སྨྲ་བའི་ངལ་བ་བསྟེན་མི་དགོས་པར། བོད་སྐད་ཡིག་གི་རྩ་གནད་ཀྱི་འགྱུར་བ་ཞིག་ཡིན་པ་བོད་སྐད་བོད་ཡིག་ལ་རྒྱུས་ཡོད་ཀུན་པོས་མཁྱེན་ངེས་རེད།

བཙན་བྱོལ་གྱི་མི་ལོ་དྲུག་ཅུ་ཐམ་པའི་རིང་ལ་སྐད་དང་ཡི་གེ་ལ་འགྱུར་བ་ཛ་དྲག་འདི་འདྲ་ཞིག་ཕྱིན་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཟེར་ན། དེ་ཡང་སླ་སྟེ། ང་ཚོས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་[1]“རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་ཆ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང་། དཔར་ལས་བྱེད་པའི་འགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང་། དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་ཁྱེར་ཡང་། ཐམས་ཅད་ཀྱིས་རྟོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས།”ཞེས་གདམས་པའི་བསླབ་བྱ་གསེར་ནག་གིས་མི་ཁུག་པ་འདི་ལ་གོ་བ་མ་ལོན་པས་ཡིན་ཏེ། གོང་གི་བཙན་བྱོལ་དུ་མི་ལོ་དྲུག་ཅུའི་རིང་བྱུང་བའི་སྐད་ཡིག་གི་གནད་དོན་བྱ་ཚིག་འཕྲི་བ་དང་རྒྱན་ཚིག་ལྡོག་པ། ཚིག་ཕྲད་བསྣན་པ་བཅས་ཁ་སྐད་ཡིག་སྐད་(ཆོས་སྐད་)ལ་བསྲེས་པ་ལས་བྱུང་བར་ཁོ་བོས་སེམས།

འོན་ཀྱང་། ང་ཚོའི་གྲོས་ཀྱི་ར་བ་དང་ལས་ཀྱི་སྣེ་མོ་བ་མང་པོ་ཞིག་གིས་ད་དུང་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་འགྱུར་བ་དང་བཙན་བྱོལ་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚོ་སྡོད་བྱེད་པའི་ཁོར་ཡུག་བཅས་ལ་བསྟུན་ནས་བོད་རིགས་སོན་རྩ་ཚོར་བོད་ཀྱི་སྐད་དང་ཡི་གེ་གཉིས་སྐད་ཡིག་གཉིས་པའི་ལམ་ནས་བསླབ་དགོས་པར་བསམ་གྱིན་ཡོད་ལ། སེམས་ལ་བསམ་པ་ཙམ་མ་ཡིན་པར་དབང་ཆ་བེད་སྤྱོད་ཀྱིས་ལམ་སྟོན་དང་ལས་འཆར་སྒྲིག་གིན་ཡོད་པ་ནི། ང་ཚོས་སྐད་ཡིག་གི་དགག་ཕྱོགས་ཀྱི་འགྱུར་བ་འདི་དག་ལ་གདོང་ལེན་གྱིས་བཅོས་བསྒྱུར་བྱ་རྒྱུ་ལས། མུ་མཐུད་བརྒྱུད་འཛིན་གྱིས་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པའི་གྲབས་ཤོམ་པ་དང་མཚུངས་ཟེར་འདོད། སྤྱིར་ན་སྐད་ཡིག་ཅིག་སློབ་ཁྲིད་བྱེད་ཕྱོགས་སྐད་ཡིག་གཉིས་པའི་ལམ་ནས་བྱེད་པ་ནི་མི་འོས་པ་ཞིག་མིན་པས། བོད་སྐད་ཡིག་ཀྱང་དེ་ལྟར་སློབ་ཆོག་པར་གདོན་མི་ཟ་མོད། ད་སྔ་ང་ཚོའི་མི་རྣམས་དེ་ཡི་བྱེད་ཐབས་ལ་སྦྱངས་ཤ་མ་ཐོན་པའི་དབང་གིས་ང་ཚོའི་སྐད་ཡིག་གཉིས་པའི་ཐབས་ལམ་དེ་བཞིན་ཁ་སྐད་འཁྱེར་ནས་ཆོས་སྐད་ཀྱི་ནང་དུ་དཀྲུག་བྱེད་ལྟ་བུ་ཞིག་ལས་ཡོང་གིན་མེད་པ་དེ་སྔོན་སློབ་དེབ་སྒྲིག་བཟོ་བྱས་པ་ལྟ་བུས་གསལ་སྟོན་བྱས་ཡོད།

དེ་བས། ང་ཚོ་ད་དུང་འདི་ལྟར་མ་འོངས་པའི་ལོ་ངོ་དྲུག་ཅུ་ལ་འགྲོ་རྒྱུ་ཡིན་ཚེ། ཐེངས་འདིའི་དྲུག་ཅུའི་དུས་དྲན་སྐབས་ཀྱི་རྒྱལ་སྤྱིའི་གསར་ལམ་ཁག་གི་གླེང་གཞི་ཆེ་ཤོས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མི་ལོ་དྲུག་ཅུ་ལ་བཙན་བྱོལ་དུ་ལྷག་པའི་སྐྱོ་གར་འདི་ཆགས་ཡོད་མོད། ང་ཚོའི་སྲིད་སྐྱོང་མཆོག་གི་ལྔ་དང་ལྔ་བཅུ་ལྟར་བཤད་ན་མ་འོངས་པའི་དྲུག་དང་དྲུག་ཅུའི་དུས་དྲན་སྐབས་སུ་རྒྱལ་སྤྱིའི་གསར་ལམ་ཁག་གི་གླེང་གཞི་ཆེ་ཤོས་བཙན་བྱོལ་གྱི་སྐད་ཡིག་གི་སྐྱོ་གར་མི་ཆགས་པའི་ངེས་པ་མི་འདུག་སྙམ།

ལྷག་པར་དུའང་ད་ཐེངས་ཀྱི་དྲུག་ཅུའི་དུས་དྲན་སྐབས་ཀྱི་ང་ཚོ་རང་ཉིད་ཀྱི་རང་ཉིད་མཛད་སྒོ་དང་གནད་དོན་གླེང་མོལ་ཁག་གི་ཁྲོད་དུ་སྐད་ཡིག་གི་གནད་དོན་གོ་མེད་ཚོར་མེད་དུ་ལྷག་པ་ནི། སྐད་ཡིག་གི་དགག་ཕྱོགས་ཀྱི་འགྱུར་འགྲོས་རྣམས་མུ་མཐུད་ནས་ལྷག་རྒྱུ་ཡིན་པ་ཟད། སྔར་ལས་ཤུགས་ཆེ་རུ་སོང་སྟེ། ཐེངས་རྗེས་མའི་དྲུག་ཅུའི་དུས་དྲན་གྱི་སྐབས་སུ་སྐད་ཡིག་གི་གནད་དོན་དྲུག་ཅུ་ཟེར་བ་ཞིག་བཟོ་རྒྱུ་ཡིན་པའི་སྔ་སྟས་ཤིག་ཡིན་པ་གདོན་མི་ཟའོ།།

[1] རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ།།  ཤོག་ངོས།༨༤

བསྐྱར་བཅོས།: ༢༠༡༩/༠༤/༠༧

Leave a Reply