བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད།

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། དེ་རིང་ཉིན་གུང་ཆུ་ཚོད་ ༡༢ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་གྷ་གྷིལ་གནམ་ཐང་བརྒྱུད་ཕྱིར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་གནང་སོང་།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་ ༣ རིང་ཨན་དྷ་ཛི་ཧའེ་ཊི་(Andaz Hyatt Hotel)གསོལ་མགྲོན་ཁང་དུ། འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༣༧ ནས་ཆེད་དུ་ཕེབས་པའི་སློབ་གྲྭ་ཁག་ཅིག་གི་དབུ་འཁྲིད་དང་སློབ་གསོའི་ཆེད་ལས་པ། སློབ་ཕྲུག དེ་བཞིན་རྒྱ་གར་གྱི་སློབ་གྲྭ་ཁག་གི་འབྲེལ་ཡོད་སྐུ་ཚབ་བཅས་ལྷན་འཛོམས་ཐོག ཏཱ་ལའི་བླ་མའི་དགེ་རྩ་དང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་མཉམ་སྒྲུབ་གནང་པའི་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་བསླབ་གཞི་ (Social, Emotional and Ethical Learning/SEE Learning) གཏན་འབེབ་བྱུང་བ་དབུ་འབྱེད་གནང་བ་དང་འབྲེལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་སྐོར་མཁས་པའི་གསུང་བཤད་དང་བགྲོ་གླེང་བཅས་གནང་ཡོད་པ་རེད།

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེའི་སློབ་གསོ་ངེས་པར་དུ་དགོས་པ་དང་།  འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་ཡིན་སྟབས། དཀའ་ངལ་དེ་དག་མིག་རྒྱང་ཐུང་ཐུང་དང་། ཉོན་མོངས་པའི་གཞན་དབང་དུ་སོང་བར་བརྟེན་ནས་ཡོང་བ་ཞིག་ཡིན་ལ། སྨོན་ལམ་བརྒྱབས་པ་ཙམ་གྱིས་དཀའ་ངལ་སེལ་རྒྱུ་ཟེར་བ་ཡོང་ཐབས་མེད།  བྱ་བ་བཟང་ངན་ཇི་འདྲ་ཞིག་ཡིན་ཡང་གཙོ་བོ་ཀུན་སློང་ལ་རག་ལས་ཡོད། ཀུན་སློང་དེ་གཙོ་བོ་ཡིན་སྟབས་དུས་རབས་འདི་འཚེ་མེད་ཞི་བ་བྱམས་བརྩེའི་དུས་རབས་ཤིག་བཟོ་མིན་མིའི་ཀུན་སློང་ལ་རག་ལས་ཡོད། ཤེས་ཡོན་གྱི་ལམ་ནས་མིའི་ཀུན་སློང་ཇེ་བཟང་དུ་བཏང་ཐུབ་པ་ཡིན་ན་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏང་ཐུབ་པ་རེད། ཅེས་དང་། ལས་གཞི་འདིའི་གྲུབ་འབྲས་བདུན་ཕྲག་རྗེས་མར་སྨིན་མི་སྲིད་ནའང་མི་རབས་རྗེས་མར་སྨིན་ཏེ་འགྲོ་བ་མིའི་རིགས་ནི་སྔར་ལས་བསམ་ཤེས་ཅན་དང་བྱམས་བརྩེ་ཅན་ཞིག་ཏུ་འགྱུར་ཐུབ་ཅེས་གསུངས།

དཔལ་ལྡན་ཕོ་བྲང་གི་དྲ་རྒྱའི་ནང་བཀོད་པའི་མཛད་འཆར་ལྟར་ན། ཕྱི་ཟླ་ ༥ ཚེས་ ༡༠ ནས་ ༡༢ ཉིན་གྲངས་གསུམ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལར་ཨུ་རུ་སུའི་དད་ལྡན་སེར་སྐྱ་མི་མང་ལ་རྒྱུད་བླ་མའི་གསུང་ཆོས་བསྩལ་རྒྱུ་དང་།  ཕྱི་ཟླ་ ༦ ཚེས་ ༣ ནས་ ༤ ཉིན་གཉིས་རིང་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་།  ཕྱི་ཚེས་ ༥  ཉིན་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་དོན་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དང་། ཕྱི་ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚོགས་པ་ཁག་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༠༨

Leave a Reply

2 thoughts on “བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད།

  1. ༄༅། ཁྱེད་སྐུ་ཚེ་བརྟན་རོགས་གནང།
    ཁྱེད་ང་ཚོའི་རྩ་བའི་བླ་མ་ཡིན། ཁྱེད་ང་ཚོའི་དགེ་བའི་བཤེས་གཉེན་ཡིན།
    ཁྱེད་ང་ཚོའི་སྐྱབས་མགོན་ཡིན། ཁྱེད་ང་ཚོའི་ཕ་མ་ཡིན།
    ཁྱེད་ང་ཚོའི་གཉེན་ཡང་ཡིན།
    འདི་དང་ཕྱི་མའི་ལམ་སྟོན་པ་ཡིན།
    ཁྱེད་ང་ཚོའི་ལམ་སྟོན་པ་ཡིན།
    ཁྱེད་ང་ཚོའི་ཡོངས་རྫོགས་ཡིན།
    སྐུ་ཚེ་རབ་དུ་བརྟན་པར་ཤོག།

  2. ཤཱཀྱའི་དགེ་སློང་སྐུ་ཚེ་ཡུན་རིང་བརྟན།།
    ཞི་བདེའི་དེད་དཔོན་སྐུ་ཚེ་ཡུན་རིན་བརྟན།།
    ༧སྐྱབས་མགོན་ཆེན་པོ་སྐུ་ཚེ་ཡུན་རིན་བརྟན།།
    གངས་ཅན་མགོན་པོ་སྐུ་ཚེ་ཡུན་རིན་བརྟན།།
    ཏཱ་ལའི་བླ་མ་སྗུ་ཚེ་ཡུན་རིན་བརྟན།།
    བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཡུན་རིན་བརྟན།།
    བདག་དང་བདག་གི་འབྲེལ་ཐོགས་ཉེ་རིང་ཀུན།།
    ཉིན་དང་མཚན་གྱི་་ནམ་སྟོད་ནམ་སྨད་དུ།།
    ཁྱོད་ལ་སྙིང་ནས་གུས་ཞིང་བརྩེ་བ་དང་།།
    གསོལ་ཅིང་བསྟོད་དེ་སྨོན་སེམས་དྲག་པོ་ཡིས།།
    བསམ་པའི་དོན་དེ་མྱུར་དུ་མངོན་གྱུར་ཅིག།