ལྷན་ཚོགས་ཐོག་བོད་དང་ཡུ་གུར་གྱི་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

རྒྱ་ནག་གཞུང་གིས་ཡུ་རོབ་ལ་ཚོང་སྒོ་སྔར་ལས་ཆེན་པོ་ཕྱེ་རྒྱུ་མིན་སྐོར་བརྗོད་ཡོད་པ་ལྟར་འཇར་མན་དང་ཧྥན་རན་སི་སོགས་ཀྱིས་ཀྱང་རྒྱ་ནག་ལ་ཚོང་སྒོ་སྔར་ལྷག་ཕྱེ་རྒྱུ་མིན་སྐོར་བརྗོད་ཡོད་འདུགདེ་རིང་སྦེལ་ཇམ་གྱི་རྒྱལ་ས་བྷིར་ཛིལ་ནང་། རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཚོགས་ཀྱི་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ལི་ཁེ་ཆང་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་མགོ་འཁྲིད་རྣམས་འཛོམས་ཏེ། ཕྱོགས་གཉིས་ཀྱི་ཚོང་འབྲེལ་འཕེལ་རྒྱས་དང་དྲ་བའི་བདེ་འཇགས་ཐོག་གླེང་སློང་བྱེད་ཀྱི་ཡོད་སྟབས། ས་གནས་བོད་མི་དང་ཡུ་གུར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་སོགས་ཀྱི་མི་གྲངས་བརྒྱ་ཕྲག་འགའ་འདུ་འཛོམས་བྱས་ཏེ། ལྷན་ཚོགས་ཐོག་བོད་ནང་དང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཐེངས་འདིའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གི་ལྷན་ཚོགས་ཐོག་ཕྱོགས་གཉིས་ཀྱི་བཟོ་ཚོང་གཉེར་མཁན་ལ་དབྱེ་འབྱེད་མེད་པར་དྲང་བདེན་གྱིས་ལྟ་སྐྱོང་བྱེད་པ་དང་། འཛམ་གླིང་ཁོར་ཡུག་གི་གནད་དོན་དང་ཤུགས་ཚད་ ༥ པའི་དྲ་ལམ་ (5G networks) ཚུད་པའི་དྲ་བའི་བདེ་འཇགས། དེ་བཞིན་ཕྱིའི་བདེ་སྲུང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་བའི་གྲོས་མགོ་འདོན་གྱི་ཡོད་འདུག་ལ། ད་ལན་གྱི་ལྷན་ཚོགས་ཐོག་རྒྱ་ནག་གི་ཁྲོམས་རའི་སྒོ་ཆེན་ཡུ་རོབ་ལ་སྔར་ལས་ཆེ་བ་ཕྱེ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་དགོས་ཀྱི་ཡོད་འདུག་ཀྱང་།  དེར་རྒྱ་ནག་གཞུང་གིས་སྤེལ་རྒྱུ་མིན་ཚུལ་བརྗོད་ཡོད་པས། འཇར་མན་དང་ཧྥ་རན་སི་སོགས་རྒྱལ་ཁབ་འགས་ཀྱང་གཅིག་མཚུངས་ཀྱིས་རྒྱ་ནག་ལ་ཚོང་སྒོ་སྔར་ལྷག་འབྱེད་རྒྱུ་མིན་སྐོར་བརྗོད་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༢ ཉིན། ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་ (Donald Tusk) ཡིས། ལོ་འཁོར་ཚོགས་ཆེན་འདི་དང་འབྲེལ་ནས་གཏམ་བཤད་ཞིག་བྱས་པའི་ནང་།  ང་ཚོས་ཕྱོགས་གཉིས་ཀྱི་ཁྲོམས་རར་འདྲ་མཉམ་གྱི་འགྲན་ཞུགས་དང་འཛུལ་ཐུབ་པའི་དོ་མཉམ་གྱི་འབྲེལ་བ་ཞིག་ཡོང་ཐབས་ལ་དམིགས་ཀྱི་ཡོད་པ་རེད། གནད་དོན་དེའི་འོག་ནས་བཟོ་ལས་ཁང་ལ་ཆག་ཡང་གཏོང་བ་ནི་རྒྱལ་ཚོགས་ཀྱི་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ལ་བསྒྱུར་བཅོས་བྱས་པའི་དགོས་དམིགས་གལ་ཆེན་ཞིག་ཡིན་པའི་ཐད་སྐུལ་སློང་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༧ ཉིན་དཔལ་འབྱོར་དུས་བབ་ཀྱི་བཅར་འདྲི་ཞིག་གི་སྐབས། ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་འགན་འཛིན་ (Cecilia Malmstrom)ལགས་ཀྱིས།  ཡུ་རོབ་མཐུན་ཚོགས་ཀྱིས་ཨ་རིས་རྒྱ་ནག་ལ་རྒྱལ་ཁྲལ་སྤར་ཏེ་གྲོལ་མོལ་བྱེད་བཞིན་པའི་ལམ་ཁ་དེར་མི་འགྲོ་བ་དང་། གལ་སྲིད་འཛམ་གླིང་གི་ཚོང་འབྲེལ་འགྲོ་ལུགས་ལྡན་པ་ཞིག་ཏུ་ཕྱིར་ལོག་དགོས་ཚེ། ཚོང་དམག་གི་བྱེད་ཐབས་འདི་ནི་ཕྱི་ལོ་ ༢༠༡༩ ནང་འོས་འཚམ་མིན་པ་མ་ཟད། དེ་ནི་བློ་འཚབ་སྐྱེས་བ་ཞིག་དང་། ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་བྱུང་ཚེ་རྒྱ་ནག་གི་ཚོང་རོགས་གཞན་ལའང་ཁེ་ཕན་ཡོད་སྐོར་བརྗོད་ཡོད་པ་རེད།ཟླ་སྔོན་མའི་ནང་། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ ༡༠ དང་། ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ ༥ ཡི་གྲོས་ཚོགས་འཐུས་མི་བཅས་ཁྱོན་འཐུས་མི་ ༢༥ ཡིས། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཚོང་འབྲེལ་ཁོ་ན་ཙམ་མིན་པར། བོད་ནང་འགྲོ་འོང་འདྲ་མཉམ་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་འབྲེལ་ལམ་བསྐྱར་ཞིབ་དགོས་པའི་དགོངས་ཚུལ་བཏོན་ཡོད་པ་དང་། གལ་སྲིད་ཡུ་རོབ་ཀྱིས་དེ་ལྟར་བྱེད་མ་ཐུབ་ཚེ། བོད་མི་ཚོར་དྲང་བདེན་འཐོབ་པར་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་ང་ཚོའི་སྤྱི་ཚོགས་ནང་མུ་མཐུད་བྱུས་ངན་འཐེན་པའི་ལམ་ཁ་ཕྱེས་པ་དང་། དེ་ཡིས་ཡུ་རོབ་མི་མང་གི་གཞི་རྩའི་ཐོབ་ཐང་དང་རང་དབང་ལའང་བཀག་སྡོམ་བྱེད་ཀྱི་ཡོད་པ་སོགས་བརྗོད་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་ ༡༣ ཉིན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༡༣ གྱིས། ཐེངས་འདིའི་ཚོགས་འདུ་དང་བསྟུན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་གླེང་སློང་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་པ་དང་། ཞུ་ཡིག་དེའི་ནང་དགོས་འདུན་དོན་ཚན་ ༦ བཏོན་ཡོད་པ་ལས། བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་སོགས་ཀློད་གྲོལ་གཏོང་དགོས་པ་དང་། འདི་ལོར་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ཁྲོད་དྲག་སྤྱོད་སྤེལ་ནས་མི་ལོ་ ༣༠ ཧྲིལ་པོ་དང་། སྐུ་ཞབས་ལིའུ་ཞའོ་པའོ་ལགས་འདས་གྲོངས་ཕྱིན་པའི་ཉིན་ལ་དུས་དྲན་སྲུང་གཙི་དགོས་སྐོར་སོགས་བཀོད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༠༩

Leave a Reply