ད་ལོ་ནས་རྨ་ཆུའི་ཆུ་སྣ་ཟི་ལིང་དུ་འདྲེན་རྒྱུ་མགོ་འཛུགས་འཆར་འདུག

རྒྱ་ནག་གཞུང་གིས་ས་ཁོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་པ་ཐག་གཅོད་དང་དབུལ་སྐྱོར་གསར་སྤེལ་ཞེས་པའི་དྲིལ་བསྒྲགས་འོག་འདི་ལོ་ནས་མ་འོངས་ལོ་ ༨ རིང་རྨ་ཆུའི་ཆུ་སྣ་ཟི་ལིང་ཁུལ་དུ་འདྲེན་བའི་ལས་གཞི་ལག་བསྟར་བྱ་རྒྱུ་ཡིན་འདུགརྒྱ་ནག་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཆུ་འདྲེན་བཟོ་སྐྲུན་གྱི་གལ་ཆེའི་དགོངས་དོན་ཟེར་བའི་འོག རྨ་ཆུའི་ཆུ་སྣ་ཟི་ལིང་ཁུལ་དུ་འདྲེན་འཆར་ཡོད་པའི་ལས་གཞི་དེ་ད་ལོ་ནས་མགོ་འཛུགས་རྒྱུ་ཡིན་པ་དང་།  ལས་གཞི་དེ་ཟི་ལིང་མཁར་ཁུལ་ཙམ་མིན་པར་ཉེ་འཁོར་གྱི་རྫོང་དང་གྲོང་བརྡལ། སྲིད་འཛིན་ས་ཁུལ་ཟེར་བ་ཁྱོན་ ༤༡༢ ལ་འབྲེལ་བ་ཡོད་པ་དང་། ལས་ཡུན་ལོ་ ༨ ཡིན་ལུགས་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༩ ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དེའི་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་། ཉེ་སྔོན་ལས་གཞི་མགོ་འཛུགས་ཀྱི་ཚོགས་འདུ་ཞིག་ཚོགས་པའི་སྟེང་། མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་མགོ་འཁྲིད་གཞོན་པ་ལིག་ཉིང་ཟེར་བ་དེས། རྨ་ཆུའི་ཆུ་སྣ་ཟི་ལིང་དུ་འདྲེན་པའི་ལས་གཞི་དེ་ཟི་ལིང་གྲོང་ཁྱེར་དབུས་ཁུལ་དང་ཤར་ཁུལ། ཙོང་ཁ་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་ལུང་མདོ་ཁུལ་དང་དམར་གཙང་ཁུལ། ཧོར་གྲོང་རྫོང་། གཞོང་ཐང་རྫོང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་བཅས་མཚོ་སྔོན་ཞིང་ཆེན་གྱི་ཞིང་དང་གྲོང་རྡལ་ ༥༣ དང་སྲིད་འཛིན་ས་ཁུལ་ ༤༡༢ འབྲེལ་བ་ཡོད་སྐོར་དང་། འཛུགས་སྐྲུན་ལས་གཞི་དེར་ཁྱོན་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༣༧༤ བཏང་སྟེ་དུས་ཡུན་ལོ ༨ འགོར་འཆར་ཡོད་པ་བརྗོད་འདུག

ཡང་ཚོགས་འདུ་དེའི་སྟེང་རྨ་ཆུ་ཟི་ལིང་དུ་འདྲེན་པའི་ལས་གཞི་ནི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་རྒྱུད་གསར་སྤེལ་མགོ་འཁྲིད་ཚན་ཆུང་གི་ཚོགས་འདུའི་སྟེང་གཏན་འབེབ་བྱས་པའི་ཡུར་ཆུ་ནང་འདྲེན་གྱི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། ལན་ཀྲུའུ་དང་ཟི་ལིང་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་ཐུབ་པ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་ཆུ་འདོན་བདེ་འཇགས་ཀྱི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། ས་ཁོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་པ་ཐག་གཅོད་བྱེད་པ། དབུལ་སྐྱོར་གསར་སྤེལ་དང་དམངས་ཚོགས་ཀྱི་འཚོ་བ་ལེགས་བཅོས་ལག་བསྟར་བྱེད་པའི་དམངས་ཕྱུག་བཟོ་སྐྲུན་དང་སྐྱེ་ཁམས་བཟོ་སྐྲུན་ཞིག་ཡིན་ལུགས་བསྒྲགས་འདུག

རྨ་ཆུའི་བཞུར་རྒྱུན་ཟི་ལིང་དུ་འདྲེན་པའི་ལས་གཞི་དེ་ཕྱི་ལོ་ ༢༠༡༧ ལོ་ནས་གཏན་འབེབ་བྱས་ཡོད་པ་དང་། འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་མང་པོར་ཆུ་རགས་བརྒྱབས་པ་དང་གཙང་བོའི་ཁ་གཞན་དུ་བསྒྱུར་བ་སོགས་ཀྱི་ལས་འཆར་རིམ་པ་མང་པོ་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ལོར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་རྒྱུད་དུ་རྒྱུག་པའི་ཡར་རླུང་གཙང་པོའི་ཆུ་ལག་ཅིག་གི་ཁ་བསྒྱུར་ཏེ། ཤིན་ཅང་རང་སྐྱོང་ཁུལ་གྱི་བྱེ་ཐང་དུ་འདྲེན་ཆེད་ཆུ་འདྲེན་སྦུག་ལམ་སྤྱི་ལེ་ ༡༠༠༠ ལྷག་ཅན་ཞིག་འཛུགས་སྐྲུན་བྱེད་འཆར་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་དང་། རྗེས་སུ་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་གཙང་བོ་ཁ་བསྒྱུར་གྱི་ལས་གཞི་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་པར་བརྟེན། རྒྱ་ནག་གཞུང་གིས་གཙང་བོ་ཁ་བསྒྱུར་རྩིས་མིན་པར་གློག་ཁང་རྒྱག་འཆར་ཡིན་སྐོར་བརྗོད་ནས་བོད་ཀྱི་རྒྱལ་ས་ལྷ་ནས་ནས་སྤྱི་ལེ་ ༣༢༥ ཙམ་གྱི་ཡར་ཀླུང་གཙང་བོའི་བཞུར་རྒྱུན་བཀག་ནས་ཆུ་མཛོད་ཆེན་པོ་ཞིག་བརྒྱབས་ཡོད་པ་དང་། ཉམས་ཞིབ་པ་ཚོས་ཆུ་མཛོད་དེ་གཙང་ཆུ་ཁ་བསྒྱུར་ཐབས་ཀྱི་སྔོན་འགྲོ་དང་སྟབས་བདེ་རུ་བཏང་བ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེས་ཁམས། ཡུལ་མི་ཚོས་འཚོ་གནས་བཅས་ཀྱི་ཐད་དོ་འཁུར་གང་ཡང་མེད་པར་གཙང་བོ་དང་རྒྱུག་ཆུ་གང་བྱུང་དུ་ཁ་བསྒྱུར་བཞིན་ཡོད་པའི་རྐྱེན་གྱིས། བོད་ཁུལ་གྱི་རྩྭ་ཐང་བྱེ་འགྱུར་གྱི་གནས་སྟངས་ཧ་ཅང་ཚབས་ཆེན་ཆགས་ཀྱི་ཡོད་པ་དང་། ཆུ་རྒྱུད་ཀྱི་མི་མང་སྟོང་ཕྲག་མང་པོ་བཙན་གྱིས་གནས་སྤོ་རུ་འཇུག་བཞིན་ཡོད་པ་སོགས་རོང་འབྲོང་མང་ཚོགས་ཀྱི་འཚོ་བར་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༧ ནང་རྒྱ་ནག་གཞུང་གིས་དཔའ་ལུང་རྫོང་ཆུ་མ་ཡུལ་ཚོའི་ཆག་ཆུ་གྲམ་པ་ཞེས་པ་བཙན་གྱིས་ཁ་བསྒྱུར་བྱས་ཡོད་པ་དང་། རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་དེས་ཆག་ཆུ་ས་ཆའི་སྐྲ་སེང་སྡེ་བ་དང་གྲོ་སྡེ་བ། མགོན་པོ་རྒྱུ། ཨ་མཆོག་དང་ཨ་སྡེ་བཅས་ཞིང་ལས་གཙོ་གཉེར་གྱི་བོད་རིགས་སྡེ་བ་ལྔ་ཐན་སྐྱོན་བྱུང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ནང་ཅོ་ནེ་རྫོང་བསེ་ཚང་ཡུལ་ཚོའི་ནང་རྒྱ་ནག་གཞུང་གི་མགོ་འཁྲིད་མང་པོ་ཡོང་སྟེ་ཡུལ་ཚོ་དེའི་རྒྱུག་ཆུ་ཧྲིན་གཙང་ཡུལ་ཚོ་དང་བ་ཙེ་རྫོང་ཁོངས་སུ་ཁ་བསྒྱུར་དགོས་པའི་བཀའ་རྒྱ་བསྒྲགས་པར་བརྟེན། ས་གནས་མི་མང་འདུ་འཛོམས་ཀྱིས་རྒྱུག་ཆུ་ཁ་བསྒྱུར་ན་ཡུལ་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་རེ་ཞུ་དང་འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་བྱས་ཡོད་ཀྱང་ཕན་འབྲས་བྱུང་མེད་པ་རེད།

ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༥ ཙམ་ལ་རྒྱ་ནག་གཞུང་གིས་ལྷོ་ཆུ་བྱང་འདྲེན་གྱི་ལས་གཞིའི་ཆེད་འབྲི་ཆུའི་རྒྱུད་ཀྱི་མི་མང་ ༣༣༠༠༠༠ ཙམ་གནས་སྤོ་དགོས་སྐོར་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསྒྲགས་ཡོད་པ་དང་། ལོ་དེར་རྒྱ་ནག་གཞུང་གིས་འབྲི་ཆུ་འགག་གསུམ་ཁུལ་དུ་ཆུ་མཛོད་ཆེན་པོ་ཞིག་བརྒྱབས་ནས་མི་གྲངས་ ༨༥༠༠༠༠  ཙམ་གནས་སྤོས་ཡོད་སྐོར་བརྗོད་ཡོད་ཀྱང་། རྗེས་སུ་ཉམས་ཞིབ་པ་ཚོས་སྐབས་དེར་མི་གྲངས་ས་ཡ་ ༡ ཙམ་གནས་སྤོ་བྱེད་བཅུག་ཡོད་སྐོར་བརྗོད་ཡོད་པ་རེད། འབྲི་ཆུའི་ཁ་ཕྱོགས་བསྒྱུར་དགོས་དོན་ནི་རྒྱ་ནག་གི་བྱང་ཕྱོགས་སུ་ཆུ་དཀོན་རྐྱེན་ལོ་ལྟར་ཐན་པ་ཡོང་བཞིན་པའི་དཀའ་ངལ་སེལ་ཐབས་ཡིན་སྐོར་བརྗོད་ཡོད་ཀྱང་། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་འབྲི་ཆུ་གཙང་པོའི་ཁ་ཕྱོགས་ལྷོ་ནས་བྱང་ཕྱོགས་ལ་བསྒྱུར་བ་མ་ཟད། ཤར་བྱང་གཉིས་ལ་ཡང་ཡུར་བ་མང་པོ་བཟོས་ཏེ་་འཐུང་ཆུ་དང་ཞིང་ཆུ་འདྲེན་གྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་༡༤ ཉིན། དྷ་སར་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་ཉམས་ཞིབ་པ་དང་ཁོར་ཡུག་སྲུང་སྐྱོབ་པ་སྐུ་ཞབས་གྷེ་བྷེ་རིལ་ལཱ་ཧྥེ་ཊི་ཡིས་གཏམ་བཤད་ཅིག་གི་སྐབས། རྒྱ་ནག་གིས་ལོ་ལྔ་ཅན་གྱི་འཆར་གཞི་གསུམ་སྟེ་ཕྱི་ལོ་ ༢༠༡༥ ནས་ ༢༠༣༠ བར་ལ་བོད་ཤར་ཕྱོགས་ཁུལ་གྱི་གཙང་པོ་མང་པོ་ཞིག་གི་སྟེང་དུ་ཆུ་རགས་རྒྱག་པ་དང་གཙང་བོའི་བཞུར་རྒྱུན་ཁ་བསྒྱུར་བྱེད་འཆར་ཡོད་པ་དང་། གལ་ཏེ་ལས་འཆར་དེ་དག་ས་གནས་གང་དུ་ལག་ལེན་བསྟར་རྩིས་ཡོད་པ་སྔོན་ཚུད་ནས་ཤེས་ན། ས་གནས་དེ་དག་གི་ཡུལ་མི་སོགས་ལ་ཤུགས་རྐྱེན་ག་རེ་ཡོང་གི་ཡོད་མེད་དང་། ལས་འཆར་དེ་དག་ལ་འགོག་རྒོལ་བྱེད་རྒྱུར་ཕན་ཐོགས་ཡོད་པ་སྐོར་དང་། ཁོང་གིས་ཉམས་ཞིབ་བྱས་པ་བརྒྱུད་རྒྱ་ནག་གིས་བོད་ཀྱི་གཙང་པོ་མང་པོ་ཞིག་དང་དེ་དག་གི་ཆུ་ལག་ཡོང་རྫོགས་སྟེང་ཆུ་རགས་རྒྱག་འཆར་ཡོད་པ་དང་། ལྷག་པར་དུ་བོད་དཀར་མཛེས་དང་རྔ་བ་ཁུལ་གྱི་གཙང་པོ་ཚང་མར་ཆུ་རགས་དང་། ཁུལ་དེར་འཛམ་གླིང་སྟེང་གི་ཆུ་རགས་མཐོ་ཤོས་མི་ཊར་༣༡༨ ཅན་ཞིག་རྒྱག་འཆར་ཡོད་པ། དེ་སྔོན་དང་མི་འདྲ་བར་ཆུ་རགས་དེ་ཆུ་མཛོད་ཆེན་པོ་ཞིག་ཏུ་བཟོས་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་གློག་གཏོང་ཐབས་དང་། འབྲི་ཆུ་དེ་རྨ་ཆུ་ཁུལ་ལ་ཤར་གཏོང་བྱས་ནས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་རྣམས་ཀྱི་རྡོ་སོལ་བཟོ་གྲྭར་གཏོང་འཆར་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་དང་རྒྱུག་ཆུ་ཁ་བསྒྱུར་གྱི་གནད་དོན་དེས་བོད་ཙམ་མ་ཟད་གཙང་བོ་ཁག་བཞུར་སའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་ ༡།༣ ཀྱི་ཚེ་སྲོག་ལ་ཉེན་ཁ་སླེབ་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཁ་ན་ཌ་ནས་ཡིན་པའི་དངོས་བྱུང་གི་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་མཱེ་ཁལ་བྷག་ལི་ལགས་ཀྱིས། བོད་ནང་གི་ཆག་འཇིག་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་བྱས་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ནས་བཟུང་། ཆུ་མཛོད་གསར་རྒྱག་གི་ལས་གཞི་ལག་བསྟར་བྱས་ཡོད་པ་དང་། དེང་སྐབས་བོད་ཀྱི་ཆུ་བོ་རྒྱལ་མོ་རྔུལ་ཆུ་སོགས་ཁ་བསྒྱུར་ནས་བོད་ཀྱི་རང་བྱུང་ཁོར་ཡུག་དང། ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཞིང་ལས་ཐོན་སྐྱེད་སོགས་ལ་ཧ་ཅང་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པ་དང་།  རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་ཀྱི་ལས་གཞི་ཧ་ཅང་གཞི་རྒྱ་ཆེན་པོ་འགྲོ་བཞིན་ཡོད་པ་དང། ལས་གཞི་དེ་དང་འབྲེལ་ནས་རྫས་རིགས་ཀྱི་འབག་བཙོག་རྣམས་དངོས་སུ་མཐོང་ཡོད་པ་དང་། གལ་ཏེ་རང་བྱུང་གི་གཙང་པོ་རྣམས་གཏོར་བཤིག་གཏོང་འདོད་ཡོད་ན། ཆུ་མཛོད་རྒྱག་རྒྱུ་ནི་རང་བྱུང་གཙང་པོ་གཏོར་བཤིག་གཏོང་རྒྱུའི་ཐབས་ལམ་གལ་ཆེ་ཤོས་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༡༣ ལོར་བོད་ནང་གི་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ཀྱིས་བརྩམས་པའི་བཙན་པོའི་སྙིང་སྟོབས་ཞེས་པའི་དཔེ་དེབ་ཀྱི་བོད་ཀྱི་ཁོར་ཡུག་དང་པེ་ཅིན་སྲིད་གཞུང༌ཞེས་པའི་ཚན་པ་ཞིག་གི་ནང་། རྩོམ་པ་པོས་མི་ལོ་དྲུག་ཅུའི་ཡར་སྔོན་དུ་བོད་ཀྱི་གཙང་ཆུ་ཚང་མ་དྭངས་ཤིང་དྲི་མ་མེད་པ་ཡིན་ལ། བོད་ཀྱི་གཙང་ཆབ་ཚང་མ་འགྲོ་བ་མིའི་རིགས་ཀྱིས་ལོངས་སྤྱོད་བྱས་ཆོག་ཆོག་ཡིན་མོད། པེ་ཅིན་སྲིད་གཞུང་བོད་དུ་བསླེབས་པ་ནས་བཟུང་བོད་ཀྱི་གཙང་བོ་ཕལ་ཆེར་ལ་དུག་རྫས་ཀྱི་འབག་བཙོག་བཟོས་མེད་པ་གཅིག་ཀྱང་མེད་པའི་ཚོད་དུ་བཏང་ཡོད་པ་དང་། བོད་མི་རིགས་ཀྱི་རྨ་འབྲི་རྫ་གསུམ་དང༌། ཡར་ཀླུང་གཙང་བོ། རྒྱལ་མོ་རྔུལ་ཆུ་སོགས་བོད་ཁམས་ཀྱི་གཙང་བོ་གྲགས་ཆེན་ཁག་ནི་པེ་ཅིན་སྲིད་གཞུང་གིས་དེང་སྐབས་ཆུ་གློག་གི་མཛོད་ཁང་བརྒྱ་ཕྲག་མང་བོའམ་ཡང་ན་མི་རིགས་གྲངས་མེད་ཀྱི་ཚེ་སྲོག་ལ་འཇིགས་སྣང་སྟེར་བའི་མེ་མདའི་འཐབ་ར་ཞིག་ཏུ་བསྒྱུར་འདུག ཅེས་བྲིས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༡༠

Leave a Reply