འགྲོ་བ་མིའི་ཐོང་ཐང་སྐོར་ལ་མུ་མཐུད་གྲོས་མོལ་བྱ་རྒྱུ་ཡིན་ཟེར།

རྒྱ་ནག་གཅིག་གི་སྲིད་བྱུས་དང་ཡུ་རོབ་མཉམ་གནས་རྨང་གཞིར་བཞག་སྟེ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་མུ་མཐུད་གྲོས་མོལ་གནང་རྒྱུར་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུགཁ་སང་སྦེལ་ཇམ་གྱི་རྒྱལ་ས་བྷིར་ཛིལ་ནང་། རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཆུ་ཚོད་ ༣ རིང་ཚོགས་ཏེ་མཉམ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན།  འདི་ལོའི་ལོ་འཁོར་ཚོགས་འདུའི་ཐོག་ཕྱོགས་གཉིས་ཀྱི་ཚོང་དང་། འཕྲུལ་རིག་གི་འབྲེལ་བ་ཚུད་པའི་རྒྱལ་སྤྱིའི་འབྲེལ་བ་སོགས་ཀྱི་ཐད་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱུང་ཡོད་སྐོར་བསྒྲགས་འདུག

ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ (European Council) ཀྱི་ཚོགས་གཙོ་ཌོ་ནལ་ཊག་སི་ (Donald Tusk) ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཆོད་གཙོ་བོ་རྒྱལ་ཚོགས་ཀྱི་ཚོང་འབྲེལ་ལྷན་ཚོགས་ (WTO) བསྒྱུར་བཅོས་ཐོག་མཉམ་འབྲེལ་བྱ་རྒྱུར་ཁས་ལེན་དང་། ལྷན་ཚོགས་ཀྱི་དཀའ་ངལ་ཁག་ལ་གདོང་ལེན། དེ་བཞིན་ཕྱོགས་གཉིས་ཀྱི་བཟོ་གྲྭ་ཁག་ལ་རྒྱལ་ཁྲལ་ཆག་ཡང་གཏོང་རྒྱུ་སོགས་ལ་ཕྱོགས་གཉིས་མོས་མཐུན་བྱུང་ཡོད་པ་དང་།  གཞན་ཡུ་རོབ་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་ནི་ཚོང་འབྲེལ་དང་གཅིག་མཚུངས་ཀྱི་གལ་ཆེན་དུ་འཛིན་གྱི་ཡོད་པས། འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་མུ་མཐུད་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་པ་དེའང་རྒྱ་ནག་ཕྱོགས་ནས་མོས་མཐུན་བྱུང་ཡོད་འདུག

གསར་འགོད་ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས། རྒྱ་ནག་གི་བཟོ་ཚོང་ཁང་ཚོས་ཡུ་རོབ་ནང་གཅིག་མཚུངས་སུ་ཤུགས་ཚད་ ༥ པའི་དྲ་ལམ་ (5G networks) བཟོ་གྲྭར་འདྲ་མཉམ་གྱི་ལྟ་སྐྱོང་དགོས་པ་དང་། རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་བར་འགྲོ་བ་མིའི་ཐོང་ཐང་གི་གྲོས་མོལ་མུ་མཐུད་རྒྱུ་དང་། རྒྱ་ནག་གི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ནི་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ལྷན་ཚོགས་འདིའི་རྨང་གཞི་ཡིན་པ་དང་། རྒྱ་ནག་ངོས་ནས་ཡུ་རོབ་མཉམ་གནས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། རྒྱ་ནག་གི་ཚོང་སྒོ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཕྱིའི་མ་འཛུགས་མཁན་རྣམས་ལ་འདྲ་མཉམ་གྱི་ལྟ་སྐྱོང་བྱ་རྒྱུ་ཡིན་ལ། ཚོགས་འདུའི་གྲོས་ཆོད་ཁག་མི་འགྱངས་བར་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པས་བཟོ་ཚོང་ཁང་མང་པོར་ཁེ་ཕན་ཆེན་པོ་ཐོབ་ངེས་སྐོར་བརྗོད་འདུག

ཡང་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ (European Commission) ཀྱི་ཚོགས་གཙོ་ཇི་ཨན་ཁོ་ལོ་ཌི་ཇང་ཁར་ (Jean-Claude Juncker) ལགས་ཀྱིས། འཛམ་གླིང་འདིའི་ནང་རྒྱལ་ཁབ་ཕན་ཚུན་བར་མཉམ་འབྲེལ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གིས་བཙན་དབང་ཐོག་ཕྱིའི་འཕྲུལ་ལས་ཤེས་བྱ་རྒྱ་ནག་དང་མཉམ་སྤྱོད་དང། རྒྱ་ནག་ནང་དབོར་འདྲེན་བྱེད་དུ་མི་འཇུག་པའི་ཁས་ལེན་བྱས་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ནི་རྒྱ་ནག་གི་ཚོང་རོགས་ཆེ་ཤོས་ཡིན་པ་ལྟར། རྒྱ་ནག་དེ་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་རོགས་ཆེ་ཤོས་གཉིས་པ་ཡིན་ལ། ཕྱོགས་གཉིས་བར་ཉིན་རེར་ཡུ་སྒོར་དུང་ཕྱུར་ ༡༥ ཙམ་གྱི་ཚོང་འབྲེལ་བྱེད་ཀྱི་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་གིས་རྒྱ་ནག་ནང་ཚོང་འབྲེལ་དང་མ་འཛུགས་བྱེད་ཀྱི་ཡོད་པ་དེར་ཁྲིམས་དང་སྒྲིག་གཞི་དགོས་པ་དང་། ཕྱོགས་གཉིས་ཀར་ཁྲོམས་རའི་སྒོ་འབྱེད་གཅིག་མཚུངས་བྱེད་པར་མོས་མཐུན་བྱུང་སྐོར་སོགས་བརྗོད་འདུག

བདུན་ཕྲག་གཉིས་ཙམ་གྱི་གོང་དུ་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་མང་པོས་རྒྱ་ནག་གིས་ཁས་ལེན་བྱས་པའི་གྲོས་ཆོད་རྣམས་ལག་བསྟར་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་ཚོང་སྒོ་ཕྱེས་མེད་པ་སོགས་ཀྱི་བསམ་ཚུལ་བཏོན་པར་བརྟེན། ཡུ་རོབ་མཐུན་ཚོགས་ཀྱིས་དོ་མཉམ་གྱི་ཚོང་འབྲེལ་ཡོང་ཐབས་ལ་དོན་ཚན་ ༡༠ ཅན་གྱི་ཡིག་ཆ་ཞིག་བཟོས་ཡོད་པ་དང་། དེའི་ནང་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་དང་མཉམ་འབྲེལ་དམ་ཟབ་ཏུ་བཏང་སྟེ། འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་དང་བདེ་འཇགས། ཡར་རྒྱས་བཅས་ཀྱི་འགན་འཁྲི་དྭང་དུ་ལེན་རྒྱུ་དང་། ཕཱ་རི་སིའི་གྲོས་ཆོད་ཀྱི་དགོངས་དོན་བཞིན་ཕྱི་ལོ་ ༢༠༣༠ ལོ་བར་དུ་ཁོར་ཡུག་འགྱུར་ལྡོག་ལ་གདོང་ལེན་བྱེད་པ་དང་། ཕྱོགས་གཉིས་ཀའི་ཁྲོམས་རའི་སྒོ་འབྱེད་གཅིག་མཚུངས་དང་རྒྱ་ནག་གི་ཁྲོམས་རའི་སྒོ་འབྱེད་བྱེད་པར་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་དང་འཛིན་སྐྱོང་ངོས་ནས་ཕྱི་ལོ་ ༢༠༡༩ ལོའི་མཇུག་ཏུ་རྒྱལ་སྤྱིའི་ཁྲིམས་ཡིག་ཤིག་གཏན་འབེབ་བྱ་དགོས་པ། དྲ་བའི་ཉེན་ཁ་འགོག་ཆེད་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཚང་མར་ཤུགས་ཚད་ ༥ པའི་དྲ་ལམ་ (5G networks)  ཐོག་གཅིག་མཚུངས་ཀྱི་ལངས་ཕྱོགས་དགོས་པ་དང་། དེར་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ནས་མཚམས་སྦྱོར་ཡིག་ཆ་ཞིག་འདོན་རྒྱུ། དེ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་བཟོ་ཚོང་ཁང་ནས་འཕྲུལ་རིག་དང་འཛུགས་སྐྲུན་སོགས་ལ་ཉེན་ཁ་མི་སྤྲོད་ཆེད། མཐུན་ཚོགས་ཀྱི་རྒྱལ་ཁབ་ཚོས་ཁྲིམས་སྒྲིག་ལག་བསྟར་ནན་མོ་བྱ་རྒྱུ་སོགས་ཡིན་འདུག

ཡང་རྒྱལ་སྤྱིའི་རོའུ་ཊར་གསར་ཁང་གིས་ཐེངས་འདིའི་ཚོགས་འདུའི་སྐོར་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་ཌོ་ནལ་ཊག་སི་ལགས་དང་ལི་ཁེ་ཆང་གཉིས་ཟུར་དུ་མཇལ་སྐབས། རྒྱ་ནག་ནང་ཡུ་གུར་བ་སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཡོད་པ་སོགས་ཀྱི་སྐོར་ལ་གླེང་སློང་བྱུང་ཡོད་འདུག

ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ནས་བཟུང་ཨ་རིའི་ཁེ་ཕན་ཨང་དང་པོར་འཛིན་པའི་ཚོང་འབྲེལ་སྲིད་བྱུས་མགོ་འཛུགས་བྱས་ཏེ། རྒྱལ་ཚོགས་ཀྱི་ཚོང་འབྲེལ་སྒྲིག་ཁྲིམས་མང་པོར་རྩིས་མེད་གཏོང་གི་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ཁང་དང་མ་འཛུགས་མཁན་ཚོའི་རིག་རྩལ་རྐུ་འཁྱེར་དང་། བཙན་དབང་གིས་ཚད་མཐོ་བའི་འཕྲུལ་ཆས་རྒྱ་ནག་ནང་དབོར་འདྲེན་བྱེད་དུ་འཇུག་པ། དེ་བཞིན་ཨ་རྒྱ་གཉིས་ཀྱི་ཕྱིར་འདྲེན་དང་ནང་འདྲེན་དོ་མཉམ་མིན་པ་སོགས་བརྗོད་དེ། རྒྱ་ནག་གི་ཚོང་ཟོག་ནང་འདྲེན་ལ་རྒྱལ་ཁྲལ་ཤུགས་ཆེན་སྤར་བར་བརྟེན། ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཕྱིའི་མ་འཛུགས་ལ་ཁྲིམས་གཞི་གསར་པ་ཞིག་བཟོས་ཏེ། ཕྱི་ལོ་ ༢༠༢༠ ལོར་ལག་བསྟར་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པ་དང་།  ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ལེགས་པོ་སོན་གྱི་ཡོད་པས་མུ་མཐུད་གྲོས་མོལ་གནང་འཆར་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༡༠

Leave a Reply