དོགས་གཞི་དགོས་པའི་ཐོ་གཞུང་ནང་བཅུག

ཨ་རིའི་དངོས་ཟོག་ཕྱིར་འདྲེན་འཛིན་སྐྱོང་ཚན་པས་རྒྱ་ནག་གི་སློབ་གྲྭ་དང་བཟོ་གྲྭ་ཁག་ ༣༧ ཚོང་འབྲེལ་ཐད་དོགས་གཞི་དགོས་པའི་ཐོ་གཞུང་ནང་བཅུག་ཡོད་འདུག
དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།  འདི་ལོར་ཨ་རིའི་དཔལ་འབྱོར་ལྷན་ཁང་གི་བཟོ་གྲྭའི་བདེ་འཇགས་ལས་ཁུངས་ནས་རྒྱ་ནག་གི་སློབ་ཆེན་ ༡༤ དང་བཟོ་ཚོང་ཁང་ ༢༣ ཚོང་འབྲེལ་གནད་དོན་ཐད་དོགས་གཞི་ཡོད་པའི་མིང་ཐོའི་ནང་བཅུག་ཡོད་པ་དང་། དེ་ནི་ཨ་རིས་བཟོས་པའི་དངོས་ཟོག་རྣམས་ཕྱིའི་ཚོགས་སྡེའམ་བཟོ་གྲྭ་སོགས་ནས་ཅི་ལྟར་སྤྱོད་ཀྱི་ཡོད་པ་ལོ་ལྟར་ཞིབ་བཤེར་བྱས་ཏེ།  ཚོགས་སྡེ་གང་རུང་ནས་ལན་འདེབས་དང་ཁས་ལེན་མ་བྱས་ཚེ། དཔལ་འབྱོར་གྱི་འབྲེལ་ལམ་ཐད་ནས་དོགས་གཞི་བྱ་དགོས་པའི་ཐོ་གཞུང་ནང་བཅུག་པ་ཞིག་ཡིན་འདུག

གནད་དོན་དེའི་ཐད་ཨ་རིའི་ཕྱིར་འདྲེན་འཛིན་སྐྱོང་ཚན་པའི་དྲུང་ཆེ་ལས་རོགས་ཟུར་པ་ཁེ་ཝིན་ཝོལ་ཧྥི་ (Kevin Wolf) ལགས་ཀྱིས། ཐོ་གཞུང་དེའི་ནང་གསར་དུ་བཅུག་པ་དེས་ཨ་རིའི་བཟོ་ལས་ཁང་ཚོས་རྒྱ་ནག་གི་བཟོ་ལས་ཁང་དང་སློབ་གྲྭ་དེ་དག་ལ་མཉམ་འབྲེལ་བྱེད་སྐབས་གཟབ་ནན་བྱེད་དགོས་ཀྱི་ཡོད་པ་བསྟན་པ་དང་། དེ་ནི་ཚོགས་སྡེ་ཁག་དང་འབྲེལ་བ་ཡོངས་སུ་བཀག་པ་ཞིག་མིན་ནའང་། དཔེར་ན། ཨ་རིའི་བཟོ་ཚོང་བ་ཞིག་གིས་དོགས་གཞི་བྱེད་དགོས་པའི་ཐོ་གཞུང་ནང་བཅུག་པའི་སློབ་གྲྭ་དང་བཟོ་ལས་ཁང་ཚོར་སྔོན་ཆད་ནས་ཅ་དངོས་འཚོང་གི་ཡོད་ནའང་། ད་ནས་མུ་མཐུད་འབྲེལ་བ་བྱ་དགོས་ཚེ་ཆོག་མཆན་འཛིན་ཡིག་གསར་པ་ཞུ་དགོས་པ་རེད། ཅེས་བརྗོད་འདུག

ཨ་རིའི་གཞུང་འབྲེལ་དྲ་བ་ (Federal Register) ནང་། དོགས་གཞི་བྱ་དགོས་པའི་ཐོ་གཞུང་དེའི་ནང་རྒྱ་ནག་གི་ཁྲང་ཁྲུང་རྫས་འགྱུར་སློབ་ཆེན་ (Changchun Institute of Applied Chemistry) དང་ཀོང་ཏུང་འཕྲུལ་རིག་སློབ་ཆེན་ (Guangdong University of Technology)། པེ་ཅིན་མི་རིགས་སློབ་ཆེན་ (Renmin University) དང་ཧྲང་ཧེ་གྲོང་ཁྱེར་ནང་གི་ཐུང་ཇའེ་སློབ་ཆེན་ (Tongji University)། དེ་བཞིན་ཞི་ཨན་གྲོང་ཁྱེར་ (Xi’an) ནང་གི་སློབ་ཆེན་ ༢ སོགས་རྒྱ་ནག་གི་སློབ་ཆེན་ཁག་ ༡༤ ཚུད་ཡོད་སྐོར་བཀོད་འདུག

བཟོ་གྲྭ་ཁག་ལས་རྒྱ་ནག་གི་འཕྲུལ་ཆས་ཤེལ་ངོས་ལག་རྩལ་ཁང་ཆེ་ཤོས་ཤིག་དང་གློག་ཆས་ཀྱི་རིགས། གནམ་གྲུ་དང་འབྲེལ་བའི་འཕྲུལ་འཁོར་གྱི་ལག་ཆ་སོགས་ཀྱི་བཟོ་གྲྭ་ཁག་ ༢༣ ཐོ་གཞུང་ནང་གསར་དུ་བཅུག་ཡོད་པ་དང་། དེ་སྔོན་ཐོ་གཞུང་ནང་བཅུག་ཡོད་པ་རྒྱ་ནག་གི་ལྕགས་རིགས་བཟོ་གྲྭ་ (Jiujiang Jinxin Nonferrous Metals Co, Ltd) དང་ཡེན་ཐཱ་བཟོ་ལས་ཁང་(Yantai Salvage Bureau) ། ལའོ་ཕཱན་ཧྲེ་སློབ་ཆེན་ (Liupanshui Normal University) བཅས་ཐོ་གཞུང་དེ་ནས་ཕྱིར་བཏོན་ཡོད་འདུག

གཞན་ཡང་། གཟབ་ནན་དགོས་པའི་ཐོ་གཞུང་དེའི་ཁུངས་སུ་རྒྱ་ནག་གི་སློབ་གྲྭ་དང་བཟོ་གྲྭ་ཁག་ཚུད་པའི་རྒྱལ་ཁབ་གཞན་གྱི་ཚོགས་སྡེ་ ༥༠ གསར་སྣོན་བྱས་ཡོད་པ་ལས། ཧོང་ཀོང་གི་ཚོགས་སྡེ་ཁག་ ༦ དང་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ (United Arab Emirates) ཀྱི་ཚོགས་སྡེ་ཁག་ ༤ ། དེ་བཞིན་མ་ལི་ཤི་ཡ་ (Malaysia) ཡི་ཚོགས་སྡེ་ ༢ དང་ཧིན་རྡུ་ནི་ཤི་ཡའི་ཚོགས་སྡེ་ ༡ བཅས་གསར་སྣོན་བྱས་ཡོད་པ་དང་། དེ་སྔོན་གཟབ་ནན་ཐོ་གཞུང་ནང་བཅུག་ཡོད་པའི་ཚོགས་སྡེ་རྙིང་པ་ ༡༠ ཐོ་གཞུང་ལས་ཕུད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༡༡

Leave a Reply