འབྲུག་རྒྱལ་ཁབ་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ནང་ཞུགས་རྒྱུ་མིན་ཟེར།

རྒྱ་གར་གཞུང་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ཐོག་ཞུགས་རྒྱུ་མིན་སྐོར་ཡོངས་བསྒྲགས་གནང་སྟེ་བདུན་ཕྲག་གཅིག་ཙམ་ལས་མ་འགོར་བར་འབྲུག་གིས་ཀྱང་མཉམ་ཞུགས་གནང་རྒྱུ་མིན་པ་བསྒྲགས་འདུགརྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་  ༢༥ ཉིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་སྟེ་དར་གོས་ཚོང་ལམ་གྱི་ཚོགས་ཆེན་ཐེངས་ ༢ པ་འཚོག་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་ལས་གཞི་དེ་རྒྱ་སྐྱེད་ཀྱིས་རྒྱལ་སྤྱིའི་ཚོང་ལམ་གལ་ཆེན་ཞིག་ཏུ་བསྒྱུར་ཆེད།  ཁྱིམ་མཚེས་རྒྱལ་ཁབ་ཁག་གཙོ་བྱས་པའི་རྒྱང་ཐག་ཉེ་རིང་གི་རྒྱལ་ཁབ་ཆུང་གྲས་རྣམས་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ནང་ཞུགས་པར་ཐབས་ལམ་སྣ་ཚོགས་འདོན་གྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གིས་འབྲུག་རྒྱལ་ཁབ་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ཚོགས་ཆེན་ཐེངས་ ༢ ནང་མཉམ་ཞུགས་ཡོང་བའི་མགྲོན་འབོད་བྱས་ཡོད་ཀྱང་། ཁ་སང་འབྲུག་གཞུང་ཕྱི་སྲིད་ལྷན་ཁང་གིས་ ང་ཚོ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུའི་ནང་ཞུགས་རྒྱུ་མིན་ལ། མི་འགྱངས་པར་གཞུང་འབྲེལ་ཐོག་རྒྱ་ནག་ལ་ཡོང་ཐུབ་ཀྱི་མི་འདུག་ཅེས་བརྗོད་འདུག་པ་དང་། ད་ལན་ནི་འབྲུག་གཞུང་གིས་རྒྱ་ནག་གི་མགྲོན་ཤོག་དྭང་ལེན་མ་བྱས་པ་ཐེངས་ ༢ པ་དེ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༥ པའི་ནང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ཚོགས་ཆེན་ཐེངས་དང་པོ་པེ་ཅིན་དུ་ཚོགས་སྐབས་ཀྱང་། རྒྱ་གར་དང་མཐུན་གྲོགས་རྒྱལ་ཁབ་འབྲུག་གཉིས་མཉམ་ཞུགས་གནང་མེད་པ་དང་། ཉེ་སྔོན་ཕྱི་ཟླ་ ༣ པའི་ ༨ ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་ཚོགས་འདུ་ཐེངས་ ༢ པའི་ནང་མཉམ་ཞུགས་གནང་རྒྱུ་མིན་པ་ཡོངས་བསྒྲགས་གནང་ཡོད་པ་དང་། འབྲུག་གཞུང་རྒྱ་གར་གྱི་རྒྱབ་རྩར་ལངས་ཏེ་རྒྱ་ནག་གཞུང་གི་མགྲོན་འབོད་དྭང་ལེན་མ་གནང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག

རྒྱ་གར་བྱང་ཤར་གསར་ཁང་(nenow.in)གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གིས་འབྲུལ་གཞུང་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ནང་ཞུགས་པར་ཐབས་ཤེས་ཡོད་རྒུ་འདོན་གྱི་ཡོད་པ་དང་། དམིགས་བསལ་ད་ལོའི་ལོ་མགོ་ནས་ད་ལྟའི་བར་རྒྱ་ནག་གིས་གཞུང་ཚབ་མི་སྣ་མངགས་གཏོང་གིས་འབྲུག་གི་གཞུང་གསར་པ་དང་ལྷན་དུ་འབྲེལ་ལམ་རྒྱ་སྐྱེད་གཏོང་གང་ཐུབ་བྱས་ཡོད་པ་དང་། འབྲུག་ནི་རྒྱ་གར་གྱི་མཐུན་གྲོགས་རྒྱལ་ཁབ་ཉེ་ཤོས་དེ་ཡིན་པས་རྒྱ་ནག་གཞུང་གིས་གནས་སྟངས་དེར་གཡོ་འགུལ་ཐེབས་ཏུ་འཇུག་རྩིས་ཡོད་འདུགཡང་གནས་ཚུལ་དེའི་ནང་། འབྲུག་དང་རྒྱ་ནག་བར་ངེས་གཏན་མེད་པའི་ས་མཚམས་མང་པོ་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གིས་དམག་ཤུགས་བརྒྱུད་འབྲུག་རྒྱ་གཉིས་བར་གཏན་འཁེལ་མེད་པའི་འབྲོག་ལམ་ཁུལ་ཧམ་བཟུང་བྱེད་པའི་ལས་གཞི་བརྩམས་པར་བརྟེན།  འབྲུག་གཞུང་གིས་རྒྱ་གར་ལ་དཔུང་རོགས་དགོས་པའི་རེ་བ་བཏོན་པ་ལྟར། རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་གནང་ཡོད་པ་མ་ཟད། འབྲུག་ལ་བཙན་འཛུལ་བྱས་ན་ཞི་བདེ་མཉམ་གནས་ཀྱི་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་དེར་རོགས་རམ་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་ནི་རྒྱ་འབྲུག་གཉིས་བར་གྱི་གནད་དོན་ཞིག་ཡིན་པ་ལས་རྒྱ་གར་གཞུང་ལ་འབྲེལ་བ་མེད་སྐོར་རྒོལ་གཏམ་བཏང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་  ༢ ཚེས ༥ ཉིན་རྒྱ་གར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ལོའོ་ཀྲོའུ་ཧེ་(Luo Zhaohui)འབྲུག་རྒྱལ་ཁབ་ཏུ་ཕྱིན་ཏེ། འབྲུག་གཞུང་གསར་པའི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་ལགས་དང་ཐུག་འཕྲད་ཀྱིས། འབྲུག་དང་རྒྱ་ནག་བར་མཉམ་ལས་ཚོང་འབྲེལ་བྱ་རྒྱུ་གལ་ཆེན་ཡིན་པའི་གྲོས་མོལ་བྱུང་སྟེ། འབྲུག་རྒྱལ་ཁབ་ཀྱི་ཚོང་ལས་སྤྱིའི་བརྒྱ་ཆ་ ༨༠ རྒྱ་གར་ནས་ཐོན་གྱི་ཡོད་སྟབས། འབྲུག་གཞུང་གིས་རྒྱ་གར་ཁོ་ནར་བརྟེན་མ་བསྡད་པར་རྒྱལ་ཁབ་གཞན་དང་ལྷན་དུ་ཚོང་འབྲེལ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག ཡིན་ནའང་། རྒྱ་གར་དང་དཔུང་པ་མཉམ་གཤིབ་ལྟ་བུ་བྱས་ཏེ་མགྲོན་འབོད་དྭང་ལེན་མ་གནང་བ་དེའི་ཐོག་ནས་འབྲུག་གཞུང་གསར་པའི་རྒྱ་གར་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་པ་བསྟན་ཡོད་སྐོར་བརྗོད་ཀྱི་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས་བརྗོད་ན། རྒྱ་གར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དང་དེ་འབྲེལ་གྱི་ཚོགས་འདུའི་ནང་ཞུགས་ཀྱི་མེད་དོན་གཙོ་བོ་ནི། ཉེ་སྔོན་ཕྱི་ཟླ་ ༢ པའི་ནང་རྒྱ་གར་གྱི་དམག་མི་ ༤༠ ལྷག་འགད་རྫས་ཀྱིས་སྡེབ་གསོད་གཏོང་མཁན་ཀ་ཤཱི་མིར་རྗེ་ཤི་ཨེ་མོ་ཧཱ་མཌ་(Jaish e Mohammad)དྲག་སྤྱོད་ཚོགས་པ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་ཚུད་པར་རྒྱ་ནག་གཞུང་གིས་སྔ་གཞུག་ཐེངས་ ༤ ལ་བཀག་ཡོད་པ་དང་།  པཱ་ཀི་སི་ཐན་ལ་མ་དངུལ་གཡར་བ་བརྒྱུད་རྒྱ་གར་རྒྱ་མཚོའི་ནང་ཐེ་གཏོགས། དེ་བཞིན། རྒྱ་གར་དང་པཱ་ཀི་སི་ཐན་བར་རྩོད་རྙོག་ཅན་དུ་གྱུར་བའི་ཀ་ཤཱི་མིར་ནང་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་རྒྱ་སྐྱེད་བཏང་སྟེ། རྒྱ་གར་གྱི་ས་ཁུལ་བདག་དབང་སོགས་ལ་གནོད་སྐྱོན་བཟོ་བཞིན་ཡོད་པས་ཡིན་འདུགརྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཚོགས་ཆེན་ཐེངས་ ༢ པ་དེ་ཟླ་འདིའི་ཕྱི་ཚེས་ ༢༦ དང་ ༢༧ ཉིན་འཚོག་འཆར་ཡོད་པ་དང་། ཚོགས་འདུ་དེའི་ཐོག་འཛམ་གླིང་རྒྱལ་ཁབ་ ༡༠༠ ཙམ་ནས་མཉམ་ཞུགས་མི་སྣ་དང་། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་སོགས་རྒྱལ་ཁབ་  ༤༠ ཙམ་གྱི་མགོ་འཁྲིད་མཉམ་ཞུགས་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་ཅེས་པ་དེ་ནི་གོ་ལའི་ཤར་ནུབ་གྱི་རྒྱལ་ཁབ་ཕན་ཚུན་བར་ལྕགས་ལམ་དང་གཞུང་ལམ། མཁའ་ལམ་དང་མཚོ་ལམ་སོགས་གསར་འཛུགས་བྱས་ཏེ། རྒྱལ་སྤྱི་རང་བཞིན་གྱི་ཚོང་ལམ་ཞིག་ཡིན་ལུགས་བཤད་ཡོད་ཀྱང་། ཨ་རི་དང་ཡུ་རོབ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་དང་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་གར་ལྟ་བུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ཁོངས་སུ་མི་ཞུགས་དོན་ནི། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་གཞི་དེ་རྒྱལ་ཁབ་ཁག་ནང་སྐྱེད་ཀ་མཐོ་བའི་བུ་ལོན་གཏོང་ཐབས་དང་། སྐམ་མཚོ་གཉིས་ནས་རྒྱ་ནག་གི་མངའ་ཁོངས་དང་རང་བྱུང་ཐོན་ཁུངས་རྒྱ་སྐྱེད་ཐབས་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་སྲིད་བྱུས་འོག རྒྱ་ནག་ལ་བུ་ལོན་འབོར་ཆེན་དགོས་པའི་རྒྱལ་ཁབ་སིངྒ་ལ་དང་། མལ་ཌི་ཝི((Maldive)། དེ་བཞིན། པཱ་ཀི་སི་ཐན་སོགས་ཀྱི་ནང་དོགས་གཞི་དང་རྩོད་རྙོག་གི་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། དམིགས་བསལ་མལ་ཌི་ཝིའི་གཞུང་གསར་པས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༤/༡༥

Leave a Reply

4 thoughts on “འབྲུག་རྒྱལ་ཁབ་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ནང་ཞུགས་རྒྱུ་མིན་ཟེར།

  1. ཤེས་འགྱོན་གཉིས་ལྡན་གྱི་འབྲག་རྒྱལ་ཁབ་རྒྱ་ནག་གི་བུ་ལོན་ནང་མ་ལོག་པར་རང་ཚུགས་ངང་སྡོད་ཐུབ་པར་ཧ་ཅང་ཡག་པོ་རེད།

  2. ངས་ཅག་ འབྲུག་རྒྱལ་ཁབ་ རྒྱ་ནག་ལ་མི་ཞེད། རྒྱ་གར་ལ་ཞེད། ༡༩༧༥ ལོར་ རྒྱ་གར་སྲིད་གཞུང་གིས་འབྲས་ལྗོངས་མགོ་རྟིང་སློག ༡༩༧༤ ལོར་ ངས་ཅག་འབྲུག་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱེད། ལམ་དུ་མ་སོང་། དོན་མེད་བོད་པ་སྙེམ་ཆུང་ཚོ་ལ་འབྲུག་རྒྱལ་ཁབ་ཀྱི་ཨུར་ཏི་བཏང་། འདི་ཚོ་རྗེད་ཐབས་མེད་པ་ཞིག་རེད། བཀྲ་ཤིས་བདེ་ལེགས། སྐུ་ཁམས་བཟང་། ????

  3. ༄༅། འབྲུག་རྒྱལ་ངེས་པར་གཟབ་དགོས། རྒྱ་དམར་པོས་མགོ་སྐོར་འོག་མ་འཚུད་པ་གནང་དགོས།
    ཁ་ལ་མངར་མོ་སྤྲད། རྒྱབ་ནས་རྡོས་རྡུང་ཡོང།
    བྱམས་མདོག་མཁས་མདོག་བསྟན་ནས་ཁ་ལ་སྐྱག་པ་སྤྲད་ཡོང།
    གཡས་གཡོན་རྒྱབ་མདུན་བཞི་ལ་དུས་རྟག་ཏུ་གཟབ་དགོས་།
    དུས་ནམ་ཡང་རྒྱ་མི་ལ་བློས་འགེལ་མ་གནང།
    བོད་ལ་ག་འདྲའི་མགོ་སྐོར་བཏང་སོང་།

  4. འབྲུག་རྒྱལ་ཁབ་ནི་ནང་པ་ཡིན་དང་། མ་ཟད་པའི་སྙིང་རྗེས་ལྡན་པའི་
    རྒྱལ་པོ་དང་བློན་ཞན་ཡང་འབངས་མི་རྣམས་པས་། སེམས་ཤུགས་དང་
    སྙིང་སྟོབས་ཡོད་པའི་ཐོགས་རྒྱ་སྐར་དང་མཉམ་དཔུང་པ་མཉམ་ཤུགས་
    ཀྱིས་འདོད་མཆོག་པ་ཞུ་། རྒྱ་མི་རིགས་འདི་ཞིན་ཐབས་རྒྱ་ཇུས་སྟོང་
    ཐོག་ནས་མགོ་སྐོར་བཏོང་ཀྱི་རེད་དེ་། ཡིན་ཡང་དེར་དུས་ནམ་ཡང་
    མགོ་འཁོར་མ་སྲིད་།