ཡུ་རོབ་མཐུན་ཚོགས་ཀྱི་མི་སེར་རྣམས་ལའང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་གྲོས་ཆོད་བཞག

ཡུ་རོབ་གྲོས་ཚོགས་ནས་བོད་དང་ཡུ་གུར་སོགས་ཀྱི་ནང་རྒྱ་ནག་གཞུང་གིས་བཙན་གནོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སེམས་འཚབ་དང་སྦྲགས་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་མི་སེར་རྣམས་ལའང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་སོགས་ཀྱི་གྲོས་ཆོད་དོན་ཚན་ ༢༢ ཅན་ཞིག་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབ་གནང་འདུག ཁ་སང་ཕྱི་ཚེས་ ༡༨ ཉིན་ཧྥ་རན་སིའི་གྲོང་ཁྱེར་སེ་ཊར་བྷག་ (Starburg) ཏུ་ཚོགས་པའི་སྐབས་བརྒྱད་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚང་འཛོམས་ཚོགས་དུས་མཐའ་མའི་ཐོག རྒྱ་ནག་ནང་གི་ཆོས་དད་རང་དབང་དང་གྲངས་ཉུང་མི་རིགས་ཀྱི་གནས་བབ་སྐོར་ནས་དོན་ཚན་ ༢༢ ཅན་གྱི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་བརླིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། འདས་པའི་ལོ་ངོ་ ༡༠ ནང་བོད་ནང་གི་བོད་མི་མང་པོས་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། བོད་ནང་ཆོས་དད་རང་དབང་དགོས་པ་བཅས་ཀྱི་འབོད་སྒྲའི་འོག་ནས་རང་ལུས་མེར་སྲེག་གི་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་ཡོད་ཀྱང་། ད་བར་བོད་ཀྱི་གནད་དོན་ཞི་འགྲིག་ཡོང་རྒྱུར་ཐབས་ཤེས་གང་ཡང་བྱས་མེད་སྐོར་དང་། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དང་ཚོང་དོན་སོགས་ཀྱི་འབྲེལ་ལམ་འཛུགས་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དང་པོར་འཇོག་དགོས་སྐོར་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལན་གྱི་གྲོས་ཆོད་དེར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ ༥༠༥ ཁྲོད་ནས་འཐུས་མི་ ༡༨ གྱིས་དགག་བྱ་དང་། འཐུས་མི་ ༤༧ བར་གནས་སུ་བསྡད་པ་དང་། གཞན་ཕལ་ཆེ་བས་རྒྱབ་སྐྱོར་གནང་བར་བརྟེན་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབ་གནང་ཡོད་པ་དང་། གྲོས་ཚོགས་ར་བའི་ནང་གྲོས་གཞི་དེའི་ཐོག་བགྲོ་གླེང་གནང་སྐབས། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འཐུས་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇོ་ལེ་ནན་(Jo Leinen) གྱིས། ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐོང་གི་ཡོངས་ཁྱབ་དང་མི་སྒེར་ལ་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་གཏོང་དགོས་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མཱ་སི་མཱེན་(Thomas Mann) ལགས་ཀྱིས། ཡུ་རོབ་ཀྱི་གྲོས་ཚོགས་སྐབས་རྗེས་མས་ཀྱང་མུ་མཐུད་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་མི་རྣམས་ཀྱི་འབོད་སྒྲའི་ཚབ་བྱེད་དགོས་པའི་རེ་བ་གནང་གི་ཡོད་སྐོར་བརྗོད་ཡོད་པ་དང་། གཞན་ཡང་གྲོས་ཚོགས་བོད་དོན་ཚོགས་ཆུང་གི་ཚོགས་གཞོན་ནཱ་ཐེ་ལི་གྷི་རི་སི་བྷེག་ (Nathalie Griesbeck) ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་འདོར་དུ་མེད་པ་ཞིག་ཡིན་པ་སྟོན་རྒྱུ་ནི་ཡུ་རོབ་གླིང་ཕྲན་གྱི་འགན་འཁྲི་ཞིག་ཡིན་སྐོར་བརྗོད་ཡོད་འདུགད་ལན་གྱི་གྲོས་ཆོད་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་གྲོས་ཚོགས་ཀྱི་སྲིད་བྱུས་འགན་འཛིན་སྐུ་ཞབས་ཝིན་སེན་ཏི་མེ་ཊེན་(Vincent Metten) ལགས་ཀྱིས། ད་ལན་གྱི་ཡུ་རོབ་གྲོས་ཚོགས་ཀྱིས་གཏན་འབེབ་གནང་བའི་གྲོས་ཆོད་དེར་དགའ་བསུ་ཞུ་ཡི་ཡོད་པ་དང་། ང་ཚོས་སླར་ཡང་རྒྱ་ནག་གིས་བོད་མི་ཚུད་པའི་མི་རིགས་དང་ཆོས་ལུགས་ཀྱི་སྡེ་ཁག་གཞན་རྣམས་ཀྱི་ཐོག་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པའི་བརྡ་ལན་སྤྲོད་ཀྱི་ཡོད་སྐོར་བརྗོད་འདུག

ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབ་གནང་བའི་དོན་ཚན་ ༢༢ ཅན་གྱི་གྲོས་ཆོད་དེའི་ནང་དུ། རྒྱ་ནག་གཞུང་གིས་རྩ་ཁྲིམས་གཞིར་བཟུང་ཡུ་གུར་དང་ཀཱ་ཛག(Kazakhs)། བོད་མི་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མིའི་སྐད་ཡིག་དང་རིག་གཞུང་། ཆོས་དད་རང་དབང་བཅས་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། བོད་ཀྱི་འབྲོག་པ་རྣམས་ལ་རང་གི་ཕ་མེས་ཡང་མེས་ཀྱི་འཚོ་རྟེན་དོར་དགོས་པའི་བཙན་བཀའ་གཏོང་བ་དང་། བོད་མི་རྣམས་ལ་གྱོང་གུད་དང་ཧན་མི་རིགས་ལ་ཁེ་ཕན་ཆེ་བའི་གྲོང་རྡལ་གྱི་སྲིད་བྱུས་ལག་བསྟར་སོགས་མཚམས་འཇོག་བྱེད་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་ཐད་ཀར་སྟངས་འཛིན་བྱས་ཏེ་རྒྱལ་ཞེན་གྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་གཞི་བེད་སྤྱད་དེ་བོད་མི་དང་བོད་བརྒྱུད་ནང་བསྟན་པའི་ཆོས་ལུགས་བྱེད་སྒོ་སོགས་སྤེལ་བ་ལ་ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་གཡོགས་བཞིན་པར་སྐྱོན་བརྗོད་དང་། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ལོ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྔར་ལས་ཡོངས་ཁྱབ་ཀྱི་ཐོག་ནས་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་ཆགས་ཡོད་སྐོར་དང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཁུལ་དུ་གསར་འགོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚོགས་ཆུང་སོགས་རང་དབང་ཐོག་ནས་འགྲོ་སྐྱོད་ཆོག་པ་བཟོ་དགོས་པ་མ་ཟད། རྒྱ་ནག་གི་མི་སེར་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ལའང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་སྐོར་བཀོད་འདུག

དེ་བཞིན་གྲོས་ཆོད་ནང་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ཁུལ་དུ་ཉེས་མེད་བཙོན་འཇུག་བྱེད་པ་མཚམས་འཇོག་གིས་བཀག་སྐྱིལ་ཁང་དེ་དག་འཕྲལ་དུ་སྒོ་བརྒྱབ་དགོས་པ་མ་ཟད། བཙོན་འཇུག་བཀག་ཉར་བྱས་པའི་ཡུ་གུར་རིགས་ཀྱི་ཨི་ཧཱམ་ཏོ་ཏི་(Ilham Tohti) ལགས་སོགས་དང་། བཀྲ་ཤིས་དབང་ཕྱུག་ལགས་དང་། བློ་བཟང་དར་རྒྱས་ལགས་སོགས་བོད་མི་ལས་འགུལ་བ་དང་རྩོམ་པ་པོ། ཆོས་ལུགས་དབུ་འཁྲིད་རྣམས་དང་། དེ་བཞིན་སི་ཝེ་ཌན་གྱི་མི་སེར་ཡིན་པའི་རྒྱ་རིགས་དཔེ་བསྐྲུན་པ་དང་ཆེད་མཁས་པ་ཀུའེ་མིན་ཧྭའེ་ (Gui Minhai) དང་། ཁེ་ན་ཌའི་མེ་ཁལ་སི་པེ་ཝོར་ (Michael Spavor) དང་། མེ་ཁལ་ཀོབ་རིག་ (Michael Kovrig) བཅས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་ལ། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་གར་སོང་ཆ་མེད་དུ་གྱུར་བའི་མི་ཚང་མའི་གནས་ཚུལ་ཕྱིར་བསྒྲགས་བྱེད་དགོས་པ་དང་། རྒྱ་ནག་ནང་གི་ཡེ་ཤུའི་ཆོས་ལུགས་ཀྱི་སྒྲིག་འཛུགས་དང་ཚོགས་པ་སོགས་ལ་དྲག་གནོན་དང་། ཡེ་ཤུའི་ཆོས་པ་དང་རྗེས་འབྲང་བ་རྣམས་ཉེས་མེད་བཙོན་འཇུག་བྱེད་པ་མཚམས་འཇོག་བྱེད་དགོས་སྐོར་བཀོད་འདུགགཞན་ཡང་གྲོས་ཆོད་ནང་། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཚང་མས་རྒྱ་ནག་དང་ཚོང་དོན་སོགས་ཀྱི་འབྲེལ་ལམ་འཛུགས་སྐབས། ངེས་པར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱེད་དགོས་ལ། ཡུ་རོབ་མཐུན་ཚོགས་ཀྱི་ལྷན་ཚོགས་ངོས་ནས་ཤིན་ཅན་ཁུལ་གྱི་མགོ་འཁྲིད་དེ་ཚོར་དམིགས་བསལ་ཉེས་ཆད་འགེལ་དགོས་པ་དང་། དེ་བཞིན་ཡུ་རོབ་མཐུན་ཚོགས་དང་། མཐུན་ཚོགས་ཁོངས་ཀྱི་རྒྱལ་ཁབ། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་ལ་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་རིག་དག་ཕྱིར་འདྲེན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། མཐའ་མཇུག་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ད་ལན་གྱི་གྲོས་ཆོད་རྣམས་རྒྱ་ནག་གི་སྲིད་གྲོས་དང་། མི་མང་འཐུས་ཚོགས། དེ་བཞིན་ཕྱི་འབྲེལ་དང་རྒྱལ་ཁབ་བདེ་འཇགས་ལྷན་ཁང་། ས་གནས་སྲིད་གཞུང་སོགས་སུ་བརྒྱུད་སྐུར་བྱེད་དུ་འཇུག་དགོས་སྐོར་སོགས་བཀོད་འདུག

གྲོས་ཆོད་ཀྱི་རྒྱབ་གཉེར་དཔྱད་གཞིའི་ནང་་ཕྱི་ལོ་ ༢༠༡༣ ཟླ ༣ ལོར་ཞི་ཅིན་ཕིན་རྒྱ་ནག་གི་མགོ་འཁྲིད་ཆགས་པ་ནས་བཟུང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཉམས་དམས་སུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་མགོ་འཁྲིད་ཚོས་སྨྲ་བརྗོད་རང་དབང་དང་ཆོས་དད་རང་མོས། ཁྲིམས་ཀྱིས་སྐྱོང་བ་སོགས་ལག་ལེན་མེད་པར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། ཁྲིམས་རྩོད་པ། གསར་འགོད་པ་སོགས་མི་གྲངས་བརྒྱ་ཕྲག་འགར་འདྲི་རྩད་དང་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡ ཉིན་རྒྱ་ནག་ཆོས་དོན་ལས་ཁང་གིས་ཆོས་ལུགས་ཐད་ཀྱི་ཁྲིམས་གཞི་གསར་པ་ཞེས་པ་བཟོས་པ་དེས་ཆོས་ལུགས་ཚོགས་པ་དང་ཐོབ་ཐང་ལས་འགུལ་བ་ཚོར་དམ་དྲག་དང་། དམར་ཤོག་ཚོགས་པའི་ལམ་ལུགས་ནང་བཙན་གྱིས་འཇུག་ཐབས་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༧༠ ལོར་རྒྱ་ནག་གིས་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་ཆོས་ལུགས་དད་མོས་གནས་བབ་དེ་ཚད་གཞི་དམའ་ཤོས་སུ་ལྷུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་དེ་འཛམ་གླིང་གི་ཆོས་ལུགས་བཙོན་པའི་གྲངས་འབོར་ཧ་ཅང་མང་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྐོར་དང་། ཡུ་རོབ་སྤྱི་མཐུན་ཚོགས་པས་ལས་དོན་གང་ཞིག་གི་ཐད་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་སྐྱོང་ལམ་ལུགས་དར་སྤེལ་བྱེད་པ་ཁས་ལེན་གནང་ཡོད་པ་དང་། རྒྱལ་ཁབ་དང་མནའ་མཐུན་ཚོགས་པ་སུ་ཞིག་དང་ཕྱི་འབྲེལ་གནང་སྐབས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དང་པོར་འཛིན་གྱི་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་། དམངས་གཙོའི་ལམ་ལུགས་བཅས་ལ་ཁས་ལེན་བྱས་པ་བཞིན་གཅིག་མཚུངས་ཆགས་ཀྱི་ཡོད་པ་དང་། གནད་དོན་དེས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་ལམ་མུ་མཐུད་ཡུན་རིང་གནས་པར་ཕན་ཐོགས་ཡོད་སྐོར་སོགས་བརྗོད་འདུག

གསར་འགོདཔ། པ་སངས་ཚེ་རིང་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༡༩

Leave a Reply