ཨོ་གླིང་དུ་རྒྱལ་ཡོངས་བོད་ཀྱི་ལུས་རྩལ་རྩེད་འགྲན་ཚོགས།

ཨོ་གླིང་གི་བོད་རིགས་ཚོས་ལོ་རེ་བཞིན་ཚོགས་བཞིན་པའི་ཆིག་སྒྲིལ་དང་འཆམ་མཐུན་ལ་དམིགས་པའི་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་རྩེད་འགྲན་མགོ་འཛུགས་བྱས་ཡོད་འདུག 

དེ་རིང་ཕྱི་ཚེས་ ༡༩ དང་ ༢༠ ཉིན་༢ རིང་། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནེ་རུ། སིཌ་ནེ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཨོ་གླིང་གི་ཆིག་སྒྲིལ་རྐང་སྤོལ་དང་ལག་སྤོལ་རྩེད་འགྲན་སྐབས་ ༡༠ བ་མགོ་འཛུགས་བྱེད་ཀྱི་ཡོད་པ་དང་། འདི་ལོའི་རྩེད་འགྲན་ཁྲོད་ཁྱོན་རུ་ཁག ༡༢ ཡོད་པ་ལས་ལག་རྩེད་སྤོ་ལོའི་རུ་ཁག་ ༨ དང་། རྐང་སྤོལ་རུ་ཁག་ ༤ བཅས་མཉས་ཞུགས་གནང་ཡོད་པ་རེད།

འདི་གའི་གསར་འགོད་པས་སིཌ་ནེ་བོད་རིགས་ཚོགས་པའི་ཚོགས་གཙོ་ནེ་རྒན་ལགས་སུ་ལུས་རྩལ་འགྲན་ཚོགས་དེའི་དགོས་དམིགས་སྐོར་ལ་སྐད་ཆ་དྲིས་སྐབས་ཁོས། ལུས་རྩལ་རྩེད་འགྲན་འདིའི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་བོད་ཀྱི་གཉན་འཕྲང་གི་གནས་བབ་ལ་བསམ་སྟེ། བོད་ཀྱི་གཞོན་སྐྱེས་ཚོ་མཉམ་འཛོམས་ཀྱི་སྡིངས་ཆ་ཞིག་བསྐྲུན་པའི་ཐོག ཆོལ་ཁ་དང་ཆོས་ལུགས་དབྱེ་མེད་ཀྱིས་བོད་རིགས་ནང་ཁུལ་མཐུན་སྒྲིལ་དང་འཆམ་མཐུན་ཡོང་ཐབས་ཆེད་ཡིན་པ་རེད། ཅེས་བརྗོད་བྱུང་།
ཡང་ཁོས་མུ་མཐུད་ལུས་རྩལ་འགྲན་ཚོགས་འདིར་བྱ་དགའ་གཙོས་འགྲོ་གྲོན་སོགས་ཀྱི་ཐད། རྐང་སྤོལ་དང་ལག་རྩེད་སྤོ་ལོ་གཉིས་ཀྱི་རྩེད་འགྲན་པ་ཚང་མར་གསེར་དངུལ་རག་གསུམ་གྱི་བྱ་དགའ་ཆེ་ཆུང་རེ་སྤྲོད་བཞིན་ཡོད་པ་དང་། བྱ་དགའི་སྦྱིན་བདག་གཙོ་བོ་སིཌ་ནེ་བོད་རིགས་མཐུན་ཚོགས་ཡིན་པ་དང་གཞན་ཡང་བོད་པ་གཙོས་མི་སྒེར། བོད་དོན་རྒྱབ་སྐྱོར་བ། དེ་བཞིན། སྐྱབས་བཅོལ་བར་རོགས་སྐྱོར་བྱེད་མཁན་དང་ཞལ་འདེབས་རྒྱག་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

སིཌ་ནེ་བོད་རིགས་མཐུན་ཚོགས་ཀྱིས་དེ་འབྲེལ་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨོ་གླིང་བོད་ཀྱི་ཆིག་སྒྲིལ་འགྲན་ཚོགས་རྩེད་འགྲན་གཟེངས་རྟགས་ནི་བོད་རིགས་སྤྱི་དང་། དམིགས་བསལ་གཞོན་སྐྱེས་མང་པོ་ཞིག་རྩེད་འགྲན་ནང་མཉམ་ཞུགས་བྱས་པ་བརྒྱུད་ཕན་ཚུན་ངོ་ཤེས་ཆགས་ཐབས་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་དང་བོད་ཀྱི་འཐབ་རྩོད་རྒྱུན་སྐྱོང་ཡོང་སླད་སོགས་ཀྱི་ཆེད་ཡིན་པ་དང་། ཡང་སྒོས་གཞོན་སྐྱེས་ཚོ་བོད་པའི་ངོ་བོའི་ཐོག་ནས་རྩེད་འགྲན་ནང་ཞུགས་རྒྱུ་གལ་ཆེན་དུ་རྩིས་ཏེ། གཞོན་སྐྱེས་ཚོར་སྤྱི་ཚོགས་ཀྱི་སྡིངས་ཆ་ཞིག་དང་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་ཡར་རྒྱས་སོགས་ལ་དམིགས་པ་ཞིག་ཡིན་སྐོར་བཀོད་འདུག

གསར་འགོད་པས་ངོ་དེབ་བརྒྱུད་སིཌ་ནེ་བོད་རིགས་མཐུན་ཚོགས་ཀྱི་རིག་གཞུང་འགན་འཛིན་ལྷ་ལྷ་མོ་ལགས་སུ་ཨོ་གླིང་བོད་ཀྱི་རྒྱལ་ཡོངས་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་དང་གོ་སྒྲིག་ཇི་ལྟར་བྱེད་ཀྱི་ཡོད་སྐོར་དྲིས་པར་མོས། རྩེད་འགྲན་དེ་ཨོ་གླིང་གི་མངའ་སྡེ་ཁག་གི་བོད་རིགས་མཐུན་ཚོགས་རེས་མོས་ཀྱིས་གོ་སྒྲིག་གནང་གི་ཡོད་ཀྱང་། ད་སྔ་བར་ཨོ་གླིང་གི་མངའ་སྡེ་ཆེ་ཁག་ཁན་བྷི་ར་དང་སིཌ་ནེ། དེ་བཞིན། མལ་བྷམ་ནེ་གསུམ་མ་གཏོགས་གོ་སྒྲིག་ཞུ་མཁན་བྱུང་མེད་མོད། མ་འོངས་པར་མངའ་སྡེ་གཞན་ནས་ཀྱང་ཡོང་གི་རེད་བསམ་ཡོད་ལ། ད་ལོར་མཉམ་ཞུགས་གནང་མཁན་ནང་དེ་སྔ་མཉམ་ཞུགས་གནང་མྱོང་མེད་པའི་བྷི་རེ་སི་བྷ་ནེ་མངའ་སྡེའི་བོད་པ་ཚོ་ཡང་མཉམ་ཞུགས་བྱས་ཡོད་པས། མ་འོངས་པ་མཉམ་ཞུགས་གནང་མཁན་མང་དུ་འགྲོ་ཡི་རེད། ཅེས་བརྗོད་བྱུང་།

ཨོ་གླིང་བོད་ཀྱི་རྒྱལ་ཡོངས་རྩེད་འགྲན་ནི་ཕྱི་ལོ་ ༢༠༠༩ ལོར་ཨོ་གླིང་གི་རྒྱལ་ས་ཁན་བྷི་རན་བོད་རིགས་གཞོན་སྐྱེས་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་མགོ་འཛུགས་བྱས་ཡོད་པ་དང་། རྩེད་འགྲན་དེ་ལོ་རེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་གཙོའི་ཡེ་ཤུའི་མ་ཤི་ཀ་འདས་ལོག་དུས་ཆེན་དང་བསྟུན། ཨོ་གླིང་གི་བོད་རིགས་གཞོན་སྐྱེས་བར་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཆགས་ཡོད་པ་དང་། ད་ལོར་རྩེད་འགྲན་སྐབས་ ༡༠ ཆགས་དེ་ཡོད་པ་དང་། ཐེངས་འདིར་རྩེད་འགྲན་ཁྲོད་བུད་མེད་ཀྱི་ལག་རྩེད་སྤོ་ལོའི་རུ་ཁག་གཉིས་གཙོའི་རྩེད་འགྲན་རུ་ཁག་ ༡༢ མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༤/༡༩

Leave a Reply

One thought on “ཨོ་གླིང་དུ་རྒྱལ་ཡོངས་བོད་ཀྱི་ལུས་རྩལ་རྩེད་འགྲན་ཚོགས།