བོད་མི་དགུ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

འདས་ལོའི་ཕྱི་ཟླ་ ༨ པའི་ནང་ནག་ཚོགས་ཀྱི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་པའི་རེབ་གོང་རོང་བོ་ཧོར་རྒྱ་སྡེ་བའི་བོད་མི་ ༩ ལ་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ ཉིན། རྨ་ལྷོ་བོད་ཡིག་ཚགས་པར་ཁང་གིས། སྲིད་གཞུང་གིས་རེབ་གོང་རྫོང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞི་སྤེལ་སྐབས། རེབ་གོང་རོང་བོ་གྲོང་རྡལ་གྱི་ཧོར་རྒྱ་སྡེ་བའི་ཚོགས་མི་གཙོ་བོ་  ༢༤ གྲུབ་པའི་བོད་མིའི་ཚོགས་པ་ཞིག་གིས། སྲིད་གཞུང་ནས་སྡེ་བའི་ས་ཞིང་བསྡུ་རུབ་བྱས་པར་མོས་མཐུན་མ་བྱས་པར་ས་ཞིང་བསྡུ་རུབ་བྱ་བར་བཀག་འགོག་བཟོས་པ་དང་། ལས་གཞི་གསར་སྤེལ་ལ་འགོར་འགྱངས་བཟོས་པར་བརྟེན། ལོ་དེའི་ཕྱི་ཟླ་ ༨ པའི་ནང་ཚོགས་པ་དེའི་ཚོགས་མི་གཙོ་བོ་ ༩ འཛིན་བཟུང་བྱས་ཏེ། ཁུལ་དང་རྫོང་རིམ་པའི་ཉེན་རྟོག་ལས་ཁུངས་དང་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གཉིས་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ནག་ཚོགས་ངན་སེལ་གྱི་བླང་བྱ་ཟེར་བ་གཞིར་བཟུང་ཁོང་ཚོར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་ལྟར། གཟའ་འཁོར་འདིའི་འགོ་སྟོད་ཙམ་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་དེ་དག་ལ་ལོ་༣ ནས་༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ཁ་སང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་དེ་དག་ལ་བཙན་སྐུལ་གྱིས་ཚོང་བརྗེ་ལེན་བྱེད་དུ་བཅུག་པ་དང་། ཧམ་འཕྲོག་གཡོ་ལེན་བྱས་པ། མི་མང་དཔུང་བསྡེབས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱས་རབས་ཀྱི་ནག་ཉེས་བཙུགས་ཡོད་པ་དང་། བོད་མི་དེ་དག་གི་ནི་དགེ་འདུན་བཟོད་པ་དང་། ཆོས་བཟང་། བན་དེ་རྡོ་རྗེ། བཀྲ་ཤིས་ཚེ་རིང་། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ། འབྲུག་འབུམ་ཚེ་རིང་བཅས་ཡིན་འདུག

ལྟེ་གནས་ཁང་ལ་འབྱོར་བའི་གནས་ཚུལ་ནང་གསལ་བ་ལྟར་ན། བོད་མི་དེ་ཚོ་འཛིན་བཟུང་བཀག་ཉར་བྱེད་དོན་ངོ་མ་ནི། ཁོ་ཚོས་ཧོར་རྒྱ་སྡེ་དམངས་ཀྱི་ཚབ་བྱས་ཏེ་དེ་སྔོན་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་གིས་སོ་ཕག་བཟོ་གྲྭ་བཙུགས་ཀྱང་། ཁེ་གཉེར་མ་ཐུབ་པའི་ས་ཆ་དེ་དག་ཕྱིར་མང་ཚོགས་ལ་སྤྲོད་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་བ་དེར་ས་གནས་སྲིད་གཞུང་གིས་དྲག་གནོན་བྱས་པ་དང་། ཧོར་རྒྱ་སྡེ་བའི་མགོ་འཁྲིད་ཀྱི་སྟོབས་ཤུགས་མེད་པ་བཟོ་ཐབས་ཤིག་ཡིན་པའི་བསྙོན་འཛུགས་ཡོད་འདུག ཕྱི་ལོ་༢༠༡༧ ཟླ་༢ ཚེས་༢༡ ཉིན་བོད་མི་ཚོའི་ཞུ་ཡིག་དེ་ལ་ཧོར་རྒྱ་སྡེ་གཞུང་གིས་རྒྱབ་སྐྱོར་དང་ཁག་ཐེག་བྱས་ཡོད་པ་དང་། ཁ་འགོ་བའི་ཚོགས་མི་༢༤ ཡི་ས་ཡིག་འཁོད་པ་དང་སྡེ་མི་ ༥༠༠ ཡིས་རྒྱབ་སྐྱོར་གནང་བའི་ཞུ་ཡིག་དེའི་ནང་དུ། ས་གནས་སྲིད་གཞུང་ནས་མང་ཚོགས་ཀྱི་ས་ཐོག་ཏུ་སོ་ཕག་བཟོ་གྲྭ་གསུམ་བཙུགས་པ་དང་། ཕྱི་ལོ་༢༠༡༡ ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཟོ་གྲྭ་དེ་དག་གི་སྒོ་བརྒྱབས་པའི་སྐོར་དང་། ས་གནས་སྲིད་གཞུང་གིས་སོ་ཕག་བཟོ་གྲྭ་གསུམ་གྱི་བདག་པོར་གུན་གསབ་འབོར་ཆེན་སྤྲད་ཀྱང་། ས་གནས་མང་ཚོགས་ལ་མི་ལོ་བདུན་རིང་གི་ས་རིན་སྤྲད་མེད་སྐོར་འཁོད་འདུག་ལ། ཞུ་ཡིག་དེའི་སྟེང་དུ་ཁ་འགོ་བའི་ཚོགས་མི་༢༤ ཡི་མིང་རྟགས་འཁོད་པ་ཙམ་མིན་པར། ཧོར་རྒྱ་སྡེ་གཞུང་གི་རྒྱབ་རྟེན་ཐམ་ཀ་ཡང་འཁོད་འདུག དེ་བས་རྒྱ་གཞུང་གིས་ཁ་འགོ་བས་སྡེ་དམངས་ཨུ་ལྷན་གྱི་དབང་ཆར་ཚོད་འཛིན་བྱས་རབས་བཤད་པ་དེ་ནི་ནག་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་པ་གསལ་འདུག ཁ་འགོ་བ་ཞེས་པ་དེ་ནི་སྡེ་མིས་བསྐོས་པའི་འགོ་ཁྲིད་ཚོགས་ཆུང་ཞིག་ཡིན་པ་དང་། ཚོགས་པ་དེས་ནམ་རྒྱུན་སྡེ་བའི་སྤྱི་དོན་གལ་ཆེན་རིགས་ལ་གྲོས་བསྡུར་ཐག་གཅོད་གནང་གི་ཡོད་ལ། བོད་མིའི་སྲོལ་རྒྱུན་སྤྱི་ཚོགས་ཁྲོད་དུ་ཁ་འགོ་བས་སྤྱི་ཚོགས་ཀྱི་འགན་ཁུར་ནས་མང་ཚོགས་ལ་གྲོས་བསྡུར་དང་ཁ་ཏ་སློབ་གསོ་གཏོང་སྲོལ་ཡོད།  རྒྱ་གཞུང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དམིགས་འབེན་གཙོ་བོ་གཅིག་ནི། རོང་འབྲོག་ཁུལ་གྱི་གཞི་རིམ་ཚོགས་སྡེ་ཁག་ཡིན་པ་དང་། རྒྱ་གཞུང་གིས་གཞི་རིམ་གྱི་སྲིད་ཁྲིམས་སྡེ་ཁག་ཏུ་དམར་ཤོག་ཚོགས་པའི་འབྲེལ་ལམ་དང་དབང་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ།  རེབ་གོང་ནས་ནག་ཚོཊ་ཤིག་རྩད་ཆོད་ཡོད་ཟེར།

བསྐྱར་བཅོས།: ༢༠༡༩/༠༤/༢༠

Leave a Reply