ལ་དྭགས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར།

ལ་དྭགས་ཡུལ་མི་གཞོན་སྐྱེས་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར་ཏེ་ཡུལ་མི་གཅིག་རྐྱེན་འདས་སུ་བཏང་བ་དང་བོད་མི་ཞིག་ལ་ཛ་དྲག་སྨན་བཅོས་བྱེད་བཞིན་འདུག

ཁ་སང་དགོང་མོར་ལ་དྭགས་གླེ་ཡི་ཝིན་ཌི་རཱ་ཇ་ཁང་དུ་སྐྱེས་སྐར་གཏོང་སྐབས། ས་གནས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར་ཏེ། ལ་དྭགས་ཀྱི་ཡུལ་མི་གཞོན་སྐྱེས་ཤིག་རྐྱེན་འདས་སུ་བཏང་བ་དང་། བོད་མི་གཞོན་ནུ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། བོད་མི་ ༧ ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་འཁྲུག་འཛིང་ཤོར་རྐྱེན་ཅི་ཡིན་དྲིས་པར་ཁོང་གིས། མདང་དགོང་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་ཇ་ཁང་དེའི་ནང་དུ་སྐྱེས་སྐར་བཏང་ནས་བསྡད་ཡོད་པ་དང་། སྐབས་དེར་ལ་དྭགས་པ་ཡང་མང་པོ་ཡོད་འདུག་པ་དང་། ཁོང་ཚོ་ཕྱི་བོར་ལྷག་རྗེས་ཁ་འཛིང་བྱུང་སྟེ་འཁྲུག་པ་ཤོར་འདུག ཡིན་ནའང་།  ཁ་འཛིང་ཤོར་བའི་རྒྱུ་རྐྱེན་གང་ཡིན་གསལ་པོ་མི་འདུག འཁྲུག་འཛིང་ཤོར་སྐབས་བོད་པའི་གཞོན་སྐྱེས་ ༨ ཡོད་པའི་ནང་ནས་གཅིག་ལ་རྨས་སྐྱོན་བྱུང་ནས་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། གཞན་ཚང་མ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་འོག་འདུག འཁྲུག་པ་ཤོར་སྐབས་ལ་དྭགས་ཀྱི་གཞོན་སྐྱེས་ཁག་ཅིག་ཡོད་འདུག་ཀྱང་གཅིག་ལ་གྲིས་བརྒྱབས་ཏེ་བསད་པ་དང་། གཞན་རྣམས་ཉེན་རྟོག་པས་འཛིན་བཟུང་བྱེད་ཐུབ་མེད་སྐོར་བརྗོད་བྱུང་།

ད་ལྟའི་ཆར་གནས་སྟངས་ག་འདྲ་ཡོད་དྲིས་པར་ཁོང་གིས། ལ་སྤྱི་གཞིས་མགོས་ལ་དྭགས་ནང་པའི་ཚོགས་པ་དང་དགོན་པ་ཚོགས་པ། ལ་དྭགས་ཆོས་ལུགས་ཚོགས་པ་བཅས་སུ་ཐུག་འཕྲད་བྱས་ཏེ། ད་ལན་གྱི་གནད་དོན་དེ་སྤྱི་ཚོགས་དང་སྤྱི་ཚོགས་གཉིས་བར་གྱི་གནད་དོན་ཞིག་ཆགས་པ་ཡིན་ན་བརྡབ་གསིག་ཆེན་པོ་ཡོང་གི་རེད། སྒེར་གྱི་སྤྲོ་སྐྱིད་བཏང་ནས་སྟབས་མ་ལེགས་པར་ཁ་འཛིང་ཤོར་ནས་གནས་ཚུལ་བྱུང་བཞག་པ་ཞིག་དང་། ཚང་མ་ལོ་ ༢༠ ལྷག་གི་ནང་ཡོད་པའི་ལོ་ཆུང་རྐྱང་རྐྱང་ཡིན་པས་བསམ་མ་ཤེས་པ་དང་སྟབས་མ་ལེགས་པའི་སྒང་ནས་བྱུང་པ་རེད། ད་ལན་ལ་དྭགས་ཀྱི་མི་ཞིག་འདས་གྲོངས་སུ་ཕྱིན་པ་དེར་ང་ཚོའི་ངོས་ནས་བློ་འཚབ་དང་སེམས་གསོ་བྱེད་ཀྱི་ཡོད། ཅེས་ཞུས་ཡོད་པ་དང་། ལ་དྭགས་ནང་པའི་ཆོས་ཚོགས་ཀྱིས་ཀྱང་གནས་ཚུལ་དེ་རིགས་གང་ལ་གང་འཚམ་ཡོང་གི་ཡོད་ཀྱང་། དེ་ནི་བོད་པ་དང་ལ་དྭགས་ཀྱི་སྤྱི་ཚོགས་གཉིས་བར་གྱི་རྙོག་དྲ་གང་ཡང་མིན་པ་དང་། རྙོག་དྲ་དེ་ཡུལ་ཁྲིམས་ལྟར་ཐག་གཅོད་དགོས་སྐོར་ལབ་པ་ལྟར། ད་ལྟ་གནས་སྟངས་ཞི་འཇགས་ཆགས་བསྡད་ཡོད་ལ། དེ་བཞིན་ཕྱོགས་གཉིས་ནས་ད་ལན་གྱི་གནད་དོན་དེར་སྐད་འབོད་དང་ཞི་བའི་ངོ་རྒོལ། མར་མེའི་ཁྲོམ་སྐོར་སོགས་མ་གནང་ན་ཡག་པོ་ཡོད་པའི་འབོད་སྐུལ་གནང་ཡོད་སྐོར་བརྗོད་བྱུང་།

དེ་རིང་ཉིན་རྒྱབ་ཏུ་གནད་དོན་དེའི་ཐད་ཕྱོགས་གཉིས་ནས་དམིགས་བསལ་ཚོགས་འདུ་ཞིག་བསྡུས་ཏེ་གྲོས་བསྡུར་གནང་ཡོད་པ་ལྟར། སང་ཉིན་ཉིན་གུང་འདས་པོའི་ནང་མི་སྤུན་མཆེད་སོགས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དུ་ལ་དྭགས་ཀྱི་ཚོང་ཁང་ཟ་ཁང་སོགས་ཚང་མ་སྒོ་བརྒྱབ་རྒྱུ་དང་། ལ་དྭགས་ནང་པ་ཚོགས་པ་དང་དགོན་པ་ཚོགས་པ། ཁ་ཆེ་ཚོགས་པ། གཞིས་མགོ་སོགས་ཐུན་མོང་གི་ཐོག་ནས་གནད་དོན་དེ་གསལ་པོ་ཡོང་ཆེད་གསར་འགོད་གསལ་བསྒྲགས་ཤིག་གནང་གཏན་འཁེལ་ཡོད་པ་དང་། གསལ་བསྒྲགས་དེའི་ནང་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འདས་པའི་ལོ་ངོ་བཅུ་ཕྲག་ ༦ ལྷག་གི་རིང་ལ་ལ་དྭགས་དང་བོད་པའི་སྤྱི་ཚོགས་བར་འཆམ་མཐུན་དང་སྐྱིད་པོ་བྱས་ནས་མཉམ་དུ་བསྡད་ཡོད་པ་དང་། མུ་མཐུད་སྤྱི་ཚོགས་གཉིས་བར་རྙོག་དྲ་གང་ཡང་མི་ཡོང་བ་ཞིག་དགོས་པའི་འབོད་སྐུལ་གནང་གི་ཡོད་འདུག

གཞན་ཡང་། དེ་རིང་བོད་མིའི་གཞིས་གྲོང་ ༡༢ ཀྱི་བརྒྱ་དཔོན་ཚང་མ་དང་འཁྲུག་པ་རྒྱག་མཁན་བོད་རིགས་གཞོན་ནུ་ཚོའི་ཕ་མ་དང་ནང་མི་སོགས་ཚང་མ་སོང་སྟེ། འདས་པོའི་ནང་མི་སྤུན་མཆེད་ཚོར་སེམས་གསོ་དང་དགོངས་སེལ། དེ་བཞིན་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་དང་སྦྲགས། རྗེས་ཕྱོགས་རོགས་རམ་ག་རེ་གནང་དགོས་ཀྱང་གནང་རྒྱུ་ཡིན་སྐོར་ཞུས་ཡོད་པ་བརྗོད་བྱུང་།

ས་གནས་ཉེན་རྟོག་པས་གནད་དོན་དེ་དང་འབྲེལ་བའི་ཐོ་འགོད་ནང་དུ་། འདས་གྲོངས་སུ་ཕྱིན་པའི་ཡུལ་མི་དེ་རང་ལོ་ ༢༦ དང་ས་གནས་ཧེ་མི་སི་ནས་ཡིན་པ་དང་། ཉེན་ཁའི་ནང་ལྷུང་བའི་བོད་མི་དེ་ལྕོག་ལམ་སར་དམག་སྒར་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༡ ཡིན་འདུག དེ་དང་མཉམ་དུ་རང་ལོ་ ༢༥ དང་ ༢༣ ཡིན་པའི་གཞོན་སྐྱེས་གཉིས་ཀྱི་མིང་ཡང་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༢༣

Leave a Reply to དབྱང་ལྷ། Cancel Reply

11 thoughts on “ ལ་དྭགས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར།

  1. དུས་བབ་ཚགས་པར་བཀྲིན་ཆེ། བོད་ཡིག་གསར་ཤོག་འདི་ཙམ་ལས་མེད། ཁྱེད་རྣམས་ཕྱག་ལས་བཀྲིན་ཆེ་ཞུ་ཡག👍

  2. ལ་དྭགས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར།
    ཅེས་པའི་འགོ་བརྗོད་དེ་འགྲིག་མི་འདུག་གང་ལ་ཟེར་ན་ལ་དྭགས་ཡུལ་མི་ཞེས་བརྗོད་ཚེ་སྤྱི་མིང་ལ་གོ་ཉེན་ཆེ་བས།
    དེ་ལས་ཡུལ་མི་གཞོན་སྐྱེས་ཁག་ཅིག་ཅེས་སྨྲས་ན་བྱེ་བྲག་ཁག་ཅིག་དབར་ལ་གོ་བས་ལེགས་པར་བསམ