ཞིང་ཆེན་གྱི་མགོ་འཁྲིད་ཅིག་ལ་ལོ་ ༢༠ ཡི་ཁྲིམས་ཐག་བཅད།

རྒྱ་ནག་ཀེའུ་ཀྲུའུ་ཞིང་ཆེན་གྱི་མགོ་གཙོ་གཞོན་པ་ཟུར་པ་ཝང་ཞོ་ཀང་ཞེས་པ་ཞིག་གིས་ལྐོག་རྔན་ཕོན་ཆེན་བླངས་བ་སོགས་ཀྱིས་རྒྱ་སྒོར་དུང་ཕྱུར་གཅིག་ལྷག་དང་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད།ཁ་སང་རྒྱ་ནག་ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་དང་པོ་ཟེར་བས། རྒྱ་ནག་ཀེའུ་ཀྲུའུ་ཞིང་ཆེན་གྱི་མགོ་གཙོ་གཞོན་པ་ཟུར་པ་ཝང་ཞོ་ཀང་(王晓光)གིས། སྔ་གཞུག་ཏུ་ལྐོག་རྔན་ཕོན་ཆེན་བླངས་པ་དང་། ནང་ཁུལ་ཉོ་ཚོང་བྱས་པའི་ཉེས་མིང་འོག རྒྱ་སྒོར་དུང་ཕྱུར་གཅིག་( ༡.༧༣.༥༠༠.༠༠༠ )ལྷག་ཉེས་ཆད་དང་ལོ་ངོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ལྐོག་རྔན་དང་ཁྲིམས་འགལ་ངང་བླངས་པའི་དངུལ་དང་དེའི་སྐྱེད་ཀ་བཅས་ཚང་མ་ཁྲིམས་ལྟར་ཕྱིར་རྒྱལ་ཁབ་ལ་སྤྲོད་དགོས་པའི་ཐག་གཅོད་བྱས་ཡོད་འདུག

ཝང་ཞོ་ཀང་ཞེས་པ་དེ་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ནས་འཛིན་བཟུང་ཞིབ་བཤེར་བྱས་ཡོད་པ་དང་། ཁོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཀྱི་རྗེས་སུ་གནས་དབྱུང་ཞིབ་བཤེར་བྱས་པའི་ཞིང་ཆེན་རིམ་པའི་དཔོན་རིགས་དང་པོ་དེ་ཡིན་པ་དང་། ཐེངས་འདིར་ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། ཝང་གིས་ལྐོག་རྔན་འབོར་ཆེན་བླངས་པར་དུས་ཡུན་ལོ་ ༡༤  བཙོན་འཇུག་ཉེས་ཆད་དང་རྒྱ་སྒོར་ས་ཡ་ ༣  ཉེས་ཆད། སྤྱི་དངུལ་ལྐོག་ཟ་བྱས་པར་དུས་ཡུན་ལོ་ ༥  བཙོན་འཇུག་དང་། རྒྱ་སྒོར་འབུམ་ ༥ ཡི་ཉེས་ཆད། ནང་ཁུལ་ཉོ་ཚོང་གི་བྱས་ཉེས་བསགས་པར་ལོ་ ༧ བཙོན་འཇུག་དང་དངུལ་ཆད་སྒོར་དུང་ཕྱུར་ ༡ དང་བྱེ་བ་ ༧ གྱི་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་འདུག

སྔར་ལོའི་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་ཝང་ཞོ་ཀང་གི་ལོ་རྒྱུས་སྙིང་བསྡུས་ཀེའུ་ཀྲུའུ་ཞིང་ཆེན་གྱི་མགོ་འཁྲིད་མིང་ཐོའི་ནང་ནས་ནག་བསུབས་བཏང་བར་བརྟེན། རྒྱ་ནག་སྐམ་སའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཝང་གནས་དབྱུང་བཏང་ཟིན་པའི་གནས་ཚུལ་སྤེལ་བ་དང་། རྒྱ་ནག་གཞུང་འབྲེལ་ཐོག་དྲ་ལམ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་མི་མང་གི་གླེང་སློང་འགག་ཐབས་དང་ནག་བསུབས་བཏང་གང་ཐུབ་བྱས་ཡོད་པ་དང་། ད་བར་རྒྱ་ནག་གཞུང་གིས་ཝང་གི་ནག་ཉེས་ཁ་གསལ་ཡོངས་བསྒྲགས་བྱས་མེད་ན་ཡང་། མི་མང་ཁྲོད་ཝང་གིས་ཅང་ཙི་མེན་གྱི་ཕྱོགས་གཏོགས་བྱས་ཏེ་ལྐོག་རྔན་ས་ཡ་མང་པོ་བླངས་ཡོད་པའི་དོགས་གཞི་བྱེད་ཀྱི་ཡོད་འདུག

ཝང་ཞོ་ཀང་ནི་ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༨ པའི་ཚུན་ཆད་དུ་ཀེའུ་ཀྲུའུ་ཞིང་ཆེན་གྱི་མཐོ་རིམ་དཔོན་རིགས་གནས་དབྱུས་བཏང་བ་གསུམ་པ་དེ་ཆགས་ཡོད་པ་དང་།  ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༠ པར་ཀེའུ་ཀྲུའུ་ཞིང་ཆེན་གྱི་རྒྱུན་ལས་དང་། ཙིན་ཡས་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལོ་ཧྲོ་ཧྭ་(Liao Shaohua)གནས་དབྱུང་ཞིབ་བཤེར་རྗེས། ཝང་ཞོ་ཀང་ལུའུ་ཕན་ཧྲེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེར་བསྐོས་ཡོད་པ་དང་། དེའི་རྗེས་རྒྱ་ནག་ཀེའུ་ཀྲུའུ་ཞིང་ཆེན་གྱི་མགོ་གཙོ་གཞོན་པར་བསྐོས་ཡོད་ཀྱང་། སྔར་ལོའི་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་ཝང་ཞོ་ཀང་ལས་གནས་ནས་འཕོ་འགྱུར་བཏང་སྟེ། ཆིན་རུ་ཕེ་ཀང་ཞི་རང་སྐྱོང་ས་ཁུལ་དམར་ཤོག་རྒྱུན་ལས་ནང་ལས་བགོས་བྱས་ཡོད་ན་ཡང་། སྐབས་དེ་ནས་ཝང་ཞོ་ཀང་གི་ལས་གནས་དང་ཁ་ཕྱོགས་ངེས་གཏན་མེད་པར་གྱུར་ཡོད་འདུག

ཝང་ཞོ་ཀང་འཛིན་བཟུང་ཞིབ་བཤེར་མ་བྱས་པར་ཀེའུ་ཀྲུའུ་ཞིང་ཆེན་ནང་ལས་ཀ་བྱས་ཡོད་པ་དང་། ཁོས་ཀེའུ་ཀྲུའུ་ཞིང་ཆེན་ཀེའུ་ཡང་གྲོང་ཁྱེར་དང་ཙིན་ཡས་གྲོང་ཁྱེར། ལུའུ་ཕན་ཧེ་གྲོང་ཁྱེར་བཅས་ཀྱི་ནང་སྔ་གཞུག་ཏུ་དམར་ཤོག་དྲུང་ཆེ་དང་གྲོང་ཁྱེར་སྤྱི་ཁྱབ་སོགས་ཀྱི་འགན་གནས་འཁུར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༢༤

Leave a Reply