ཞི་བའི་གོམ་བགྲོད་པ་རྣམས་ག་བར་བསླེབས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཞི་བའི་གོམ་བགྲོད་པ་རྣམས་ཀྱི་རྐང་པར་ཆུ་ལྒང་ཐོན་ནས་སྐྲང་པ་དང་ཚ་བ་ཆེ་དྲག་པ་མ་གཏོགས་དཀའ་ངལ་གཞན་འཕྲད་ཀྱི་མི་འདུག་ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་ས་གནས་ཁག་ ༥ ནས་ཞི་བའི་གོམ་བགྲོད་ལས་འགུལ་མགོ་འཛུགས་གནང་ཡོད་པ་ལྟར།  དེ་རིང་རྡེ་ར་ལྡུན་ནས་ལྡི་ལི་བར་གྱི་ལས་འགུལ་མཇུག་བསྡུས་ཡོད་པ་དང་། དེ་བཞིན་སྒང་ཏོག་ནས་ས་ལུ་སྒ་ར་བར་གྱི་གོམ་བགྲོད་ཀྱང་མཐའ་མའི་ས་ཚིགས་སུ་འབྱོར་འདུགབཞུགས་སྒར་དྷ་རམ་ས་ལ་ནས་ཅན་དྷི་གྷར་ (Chandigarh) གྲོང་ཁྱེར་བར་གོམ་བགྲོད་པ་ ༡༢༠ ཡས་མས་ཞི་བའི་གོམ་བགྲོད་དུ་འགྲོ་བཞིན་ཡོད་པ་ལྟར། དེ་རིང་ཅན་གྷི་གྷར་ལ་བསླེབ་པར་སྤྱི་ལེ་ ༨༠ ལྷག་ཙམ་ཡོད་པའི་ཨ་ནན་དྷི་པུར་ (Anandpur) ་དུ་འབྱོར་འདུག་པ་དང་། ཕྱི་ཟླ་ ༥ ཚེས་ ༡ ཉིན་གྱི་ཕྱི་དྲོར་ཨུ་ན་ (Una) རྫོང་ཐོག་ཏུ་བོད་དོན་རྒྱབ་སྐྱོར་བ་སོགས་འབོད་འགུག་གིས་འདུ་འཛོམས་ཤིག་གོ་སྒྲིག་གནང་གི་ཡོད་པ་དང་། དེར་གསར་འགོད་གསལ་བསྒྲགས་ཤིག་ཀྱང་གནང་འཆར་འདུག ཕྱི་ ༥ ཚེས་ ༧ ཉིན་ཅན་དྷི་གྷར་གྲོང་ཁྱེར་ལ་འབྱོར་རྒྱུ་དང་། ཕྱི་ཚེས་ ༨ ཉིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཞོན་སྐྱེས་ཚོ་འདུ་སྐོང་གིས་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་གནང་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་སུ་ལམ་བར་དུ་དཀའ་ངལ་ཅི་འཕྲད་སྐོར་དྲིས་པར། ང་ཚོར་དམིགས་བསལ་དཀའ་ངལ་འཕྲད་མ་སོང་། ཡིན་ནའང་རྐང་པ་སྐྲང་པ་དང་ཆུ་ལྒང་ཐོན་པ། ཁྲག་ཤེད་མཐོ་བོ་ཆགས་པ་བཅས་ཀྱི་དཀའ་ངལ་འཕྲད་སོང་། སྤྱིར་སྨན་བཅོས་བྱེད་མཁན་སྨན་པ་ ༡ དང་སྨན་ཞབས་ ༢ མཉམ་དུ་ཡོད་པ་རེད། ས་གནས་ཉེན་རྟོག་པས་ཆོག་མཆན་ཡི་གེ་ཡོད་མེད་དྲིས་པ་ལས་གཞན་བཀག་འགོག་བྱེད་པ་སོགས་ཀྱི་དཀའ་ངལ་འཕྲད་མ་སོང་། ཞེས་བརྗོད་བྱུང་།ནགྷ་པུར་(Nagpur)ནས་ཆ་ཏྲིས་གྷར་(Chattisgarh)་བར་ཞི་བའི་གོམ་བགྲོད་པ་ ༡༣༠ ཙམ་འགྲོ་བཞིན་ཡོད་ཅིང་། དེ་རིང་ཆ་ཧྲིས་གྷར་ལ་བསླེབ་རྒྱུར་སྤྱི་ལེ་ ༦༠ ལྷག་ཡོད་པའི་ལ་ཁུ་ནེ་ (Lakhani)རུ་འབྱོར་ཡོད་པ་དང་། ཁོང་ཚོའི་ནང་ནས་དགུང་ལོ་ཆེ་ཤོས་ ༨༡ ཅན་གསུམ་དང་ཆུང་ཤོས་ལོ་ ༡༧ ཡིན་འདུག ཕྱི་ཟླ་ ༥ ཚེས་ ༦ ཉིན་ཆ་ཏྲིས་གྷར་མངའ་སྡེའི་རྒྱལ་ས་རའེ་པུར་ (Raipur) ལ་འབྱོར་རྒྱུ་དང་། དེ་རུ་རྫོང་དཔོན་ལས་ཁུངས་ཀྱི་མདུན་ཐང་དུ་ཆོག་མཆན་ཞུས་ཚར་བ་ལྟར་མཇུག་བསྡོམས་མཛད་སྒོ་དང་། གསར་འགོད་གསལ་བསྒྲགས་ཤིག་གནང་རྒྱུ་ཡིན་འདུག

དེའི་སྐོར་ལ་གོམ་བགྲོད་ནང་མཉམ་ཞུགས་པ་དབུས་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་དང་དངུལ་གཉེར་ཚེ་རིང་སྒྲོལ་མ་ལགས་ཀྱིས། ད་ལྟ་ས་གནས་སུ་དྲོད་ཚད་ ༤༤ ཡིན་པས་ད་སྔ་དཀའ་ངལ་ཆེ་ཤོས་ཚ་བ་ཡིན་ནའང་། ང་ཚོའི་གོམ་བགྲོད་པའི་སེམས་ཤུགས་དང་ལྷག་བསམ་རྣམ་དག་ལ་བསྔགས་བརྗོད་ཞུ་འོས་པ་ཞིག་འདུག སྤྱིར་གོམ་བགྲོད་ལས་འགུལ་ནང་ཆུ་ལྒང་དང་རྐང་པ་སྐྲང་པ་སོགས་ནི་རང་བཞིན་རེད། ༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་ཆེད་ལས་འགུལ་སྤེལ་གྱི་ཡོད་པས་ལས་འགུལ་འདི་ལས་ཆེ་བ་སྤེལ་ནའང་མཉམ་ཞུགས་བྱ་ཐུབ་པའི་སྤོབས་པ་ཡོད་མཁན་གོམ་བགྲོད་པའི་ནང་ན་འདུག ཉེན་རྟོག་པས་ང་ཚོར་ཆོག་མཆན་སྤྲད་ཐོག ལམ་བར་དུ་རྒྱབ་སྐྱོར་དང་རོགས་རམ་གནང་གི་འདུག ཐ་ན་ཉོ་ཅ་རྒྱག་དུས་ཀྱང་ཁྱེད་རང་ཚོས་ཧ་གོ་ཡི་མ་རེད་ལབ་ནས་ཁོ་ཚོས་ཉོ་རོགས་དང་རིན་གོང་གཏམ་རོགས་བྱེད་ཀྱི་འདུག ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཞི་བའི་གོམ་བགྲོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་བྱས་ཡོད་པ་དང་། སྐབས་དེར་ས་གནས་སུ་གསར་འགོད་པ་མང་པོ་ཡོང་པ་མ་ཟད། ཁྱབ་བསྒྲགས་ཀྱང་ཤུགས་ཆེན་བུད་སོང་། ད་ལྟའང་དེའི་སྐོར་གསར་འགྱུར་སྤེལ་གྱི་འདུག དེ་མིན་ལམ་བར་ནས་ས་གནས་ཀྱི་གསར་ཁང་ཆ་ངེ་ཆུང་ངེ་དེ་འདྲའང་ཡོང་ནས་ལས་འགུལ་ག་རེ་སྐོར་ཡིན་མིན་སོགས་འདྲི་ཡི་འདུག ཅེས་བརྗོད་བྱུང་།རྡེ་ར་ལྡུན་ནས་ལྡི་ལི་བར་གྱི་གོམ་བགྲོད་ལས་འགུལ་དེ་དེ་རིང་ལྡི་ལིའི་ཇན་ཏཱར་མན་ཏཱར (Jantar Mantar) དུ་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད་པ་དང་། ལས་འགུལ་དེའི་ནང་མི་གྲངས་ ༡༢༤ ལྷག་མཉམ་ཞུགས་བྱས་ཡོད་པ་ཅིང་། དགུང་ལོ་ཆེ་ཤོས་དེ་དགུང་ལོ་ ༨༣ ཅན་དང་། ཆུང་ཤོས་རང་ལོ་ ༢༢ ཡིན་འདུག

ལས་འགུལ་གྱི་སྣེ་འཁྲིད་པ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འདི་གའི་གསར་འགོད་པར། སྤྱིར་རྡེ་ར་ལྡུན་ནས་མ་སུ་རི་བར་གྱི་ཞི་བའི་གོམ་བགྲོད་ལས་འགུལ་དེ་ལེགས་གྲུབ་བྱུང་ཡོད་ཀྱང་། རྡེ་ར་ལྡུན་ནས་ལྡི་ལི་བར་གྱི་ཞི་བའི་གོམ་བགྲོད་ལས་འགུལ་དེར་འབྲེལ་ཡོད་མངའ་སྡེ་ལས་ཁུངས་ནས་ཆོག་མཆན་ཐོབ་མེད་པ་དང་། དེ་ཡང་འབྲེལ་ཡོད་དཔོན་རིགས་ཀྱིས་ཐེངས་འདིའི་ལས་འགུལ་ལ་རྒྱབ་སྐྱོར་ཏན་ཏན་ཡོད་ཀྱང་། དེང་སྐབས་རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་འགྲོ་མུས་ཡིན་པ་མ་ཟད། རྡེ་ར་ལྡུན་དང་ལྡི་ལི་བར་གྱི་ས་ཚིགས་དེ་ཅུང་ཉེན་ཁ་ཆེན་པོ་ཡོད་སྟབས། ཡིག་ཐོག་ནས་ཁས་ལེན་བྱེད་ཐུབ་ཐབས་མེད་སྐོར་གསུངས་ཏེ་གོམ་བགྲོད་བྱེད་པར་ཆོག་མཆན་རག་མེད་སྐོར་དང་། དེའི་རྐྱེན་གྱིས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་དེ་ཕྱི་ཚེས་ ༢༧ ཉིན་ལྡི་ལིར་འབྱོར་ཡོད་པ་དང་། ལམ་བར་དུ་རྒྱ་གར་གྱི་ས་གནས་དཔོན་རིགས་ཁག་ལ་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་། ས་གནས་ ༣ ནང་གསར་འགོད་ལྷན་ཚོགས་བསྐོངས་ཏེ་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་ཡོད་སྐོར་བརྗོད་བྱུང་།མེ་སོར་ནས་བྷེང་ལོར་བར་གྱི་གོམ་བགྲོད་ལས་འགུལ་དེ་དོ་དགོང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་སྤྱི་ལེ་ ༢༣ གྱི་མཚམས་སུ་ཡོད་པའི་རམ་ནཱ་གྷ་ར་ (Ramanagara) གྲོང་ཁྱེར་དུ་འབྱོར་འཆར་ཡོད་ཅིང་། དེའི་ནང་ཁྱོན་བོད་མི་ ༢༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། གོམ་བགྲོད་པའི་ཁྲོད་དགུང་ལོ་ཆེ་ཤོས་ ༧༦ དང་ཆུང་ཤོས་ལོ་ན་ ༡༦ ཡིན་འདུག ཁོང་ཚོས་ཚོད་དཔག་བྱས་པ་ལྟར་ན། ཕྱི་ཟླ་ ༥ ཚེས་ ༢ ཉིན་གོམ་བགྲོད་པ་རྣམས་བྷེང་ལོར་གྲོང་ཁྱེར་དུ་འབྱོར་སྟེ། བྷེང་ལོར་གྱི་རང་དབང་སྤྱི་གླིང་ (Freedom Park)དུ་གོམ་བགྲོད་མཇུག་བསྡོམས་ཀྱི་མཛད་སྒོ་འཚོག་འཆར་ཡོད་འདུག

གོམ་བགྲོད་ལས་འགུལ་སྣེ་འཁྲིད་པ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་སྒྲོལ་མ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལྟའི་བར་གོམ་བགྲོད་པའི་ཁྲོད་རྐང་པར་ཆུ་ལྒང་ཐོན་པ་ལས་ཛ་དྲག་གི་དཀའ་ངལ་གང་ཡང་འཕྲད་མེད་ཀྱང་། ཚ་དྲོད་ཊུ་ ༣༨ ཙམ་ཡིན་པས། གོམ་བགྲོད་པ་རྣམས་ལ་ཚ་བ་ཡིས་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་མཱན་དྷི་ཡ་ (Mandya) ཞེས་པའི་གྲོང་ཁྱེར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། རྒྱ་གར་གྱི་ས་གནས་གསར་འགོད་པ་བརྒྱུད་༧པཎ་ཆེན་རིན་པོ་ཆེའི་སྐོར་ནས་དྲིལ་བསྒྲགས་ལེགས་པོ་བྱུང་ཡོད་སྐོར་སོགས་བརྗོད་བྱུང་།སྒང་ཏོག་ནས་ས་ལུ་སྒ་ར་(Salugara)བར་གྱི་ཞི་བའི་གོམ་བགྲོད་དེ་རིང་ཕྱི་དྲོར་འབྱོར་གྱི་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༣༠ ཉིན་ས་ལུ་སྒ་ར་ས་གནས་ཀྱི་ཧི་མ་ལ་ཡ་སློབ་གྲྭ་ཞེས་པའི་ནང་མཇུག་བསྡོམས་མཛད་སྒོ་འཚོག་རྒྱུ་ཡིན་འདུག གོམ་བགྲོད་དེའི་ནང་མི་གྲངས་ ༢༠༠ ལྷག་མཉམ་ཞུགས་བྱས་ཡོད་པའི་ཁྲོད་དགུང་ལོ་ཆེ་ཤོས་ ༨༣ དང་། ཆུང་ཤོས་ ༢༠ ཡིན་འདུག

ལས་འགུལ་སྣེ་འཁྲིད་པ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་ཆོས་འཛོམས་ལགས་ཀྱིས། ཉིན་ལྔའི་རིང་གི་གོམ་བགྲོད་སྐབས་ལས་འགུལ་བ་རྣམས་ཀྱི་རྐང་པར་ཆུ་ལྒང་ཐོན་ཏེ་སྦོས་པ་སོགས་བྱུང་ཡོད་པ་དང་། ལམ་བར་དུ་རྒྱ་གར་གྱི་ས་གནས་གསར་འགོད་པ་མི་ཉུང་བ་ཞིག་གིས་དོ་སྣང་དམིགས་བསལ་བྱས་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༤/༢༩

Leave a Reply