བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་ཁང་ཡག་པོ་ཞིག་དགོས་ཀྱི་ཡོད་ན་སྒེར་སོ་སོའི་ངོས་ནས་འཛུགས་ཡ་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག

དེ་རིང་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་དང་བསྟུན། ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས་སུ། བཙན་བྱོལ་བོད་ཀྱི་གསར་འགོད་པའི་འོས་འགན་དང་གསར་འགོད་རང་དབང་གི་གནས་སྟངས་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པ་ཞིག་བཏང་ཡོད། གཅིག ཐོག་མར་སྐུ་ཉིད་གསར་འགྱུར་ལས་རིགས་ནང་ཅི་ལྟར་འཛུལ་ཞུགས་གནང་བའི་སྐོར་མདོར་བསྡུས་ཤིག་གསུངས་རོགས།
ལན། ང་རང་སྔོན་མ་སློབ་གྲྭར་འགྲོ་སྐབས་གསར་འགོད་པ་བྱ་རྒྱུ་བསམ་བློའི་ནང་འཁོར་མ་མྱོང་། ཡིན་ནའང་ཨ་རིར་སློབ་གྲྭ་ཐོན་རྗེས་ཨ་རིའི་རླུང་འཕྲིན་ཁང་དུ་གསར་འགོད་པའི་ལས་ཀ་རག་པ་དང་། ད་བར་ལོ་ངོ་ ༢༥ ལྷག་འགྲོ་ཡི་འདུག ད་ལྟ་བར་ཉམས་མྱོང་ངེས་ཅན་ཞིག་བསགས་ཡོད་པ་རེད་དེ། ལས་ཀའི་རིང་ཨ་རིའི་ནེའུ་ཡོག་དུས་བབ་རྒྱུན་མ་ཆད་པར་ཀློག་གི་ཡོད་པས། ཁོང་ཚོས་འབྲི་སྟངས་དང་ཆ་རྐྱེན། ཆུ་ཚད་སོགས་ཚང་མར་བསྡུར་ཚེ། ངས་ལས་ཀ་བྱས་ནས་ལོ་ངོ་ཉི་ཤུ་རྩ་གྲངས་ཕྱིན་པའི་རྗེས་ལའང་གསར་འགོད་པ་ཚད་ལྡན་ཞིག་ཡིན་པའི་སྤོབས་པ་སེམས་ནང་སྐྱེས་ཐུབ་ཀྱི་མི་འདུག གསར་འགོད་པ་རེད་མ་ལབ་ན་ཡོང་གི་ཡོད་པ་མ་རེད་དེ། ངས་བལྟས་ན་ང་གཅིག་པོ་ཙམ་མིན་པར་ང་ཚོ་གསར་འགོད་པ་ཚང་མས་ལམ་ཁ་འདིའི་ནང་གོམ་པ་གསར་པ་སྤོས་ཚར་ཙམ་ཡིན་པས། རྒྱུན་རིང་པོར་འགྲོ་རྒྱུ་ལྷག་བསྡད་ཡོད་པ་རེད་བསམ་ཀྱི་འདུག

གཉིས། རང་དབང་ལུང་པའི་ནང་ཡོད་པའི་བཙན་བྱོལ་བོད་ཀྱི་གསར་འགོད་པ་ཚོར་དམིགས་བསལ་གྱི་འགན་འཁྲི་ག་རེ་ཡོད་པ་རེད་དགོངས་ཀྱི་འདུག
ལན། ང་རང་རྒྱ་གར་ནང་འཁྱུག་ཙམ་ལས་བསྡད་མ་མྱོང་ནའང་། ང་དེར་སྡོད་སྐབས་ཤེས་བྱ་དང་བོད་གནས་བསྐྱར་ཞིབ་ (Tibetan Review) ལྟ་བུ་མ་གཏོགས་མང་པོ་མི་འདུག དེ་ཡང་མང་ཆེ་བ་བོད་གཞུང་གིས་བཙུགས་གནང་པ་ཡིན་པ་འདྲ། སྐབས་དེར་ནུས་པ་ངེས་ཅན་ཞིག་འདོན་གྱི་ཡོད་པ་རེད་དེ། རྗེས་སུ་ང་ཨ་རིར་སླེབས་རྗེས་དམངས་གཙོ་ཚགས་པར་དང་དེའི་རྗེས་དུས་བབ་གསར་ཁང་སོགས་དང་། རླུང་འཕྲིན་དང་བརྙན་འཕྲིན། ནོར་ཝེ་རླུང་འཕྲིན་ཁང་སོགས་ཐོན་པ་རེད། འདས་པའི་ལོ་བཅུ་གྲངས་ནང་གཞུང་གི་སྟངས་འཛིན་འོག་མེད་པའི་གསར་འགྱུར་བརྒྱུད་ལམ་ཁག་སྤྱི་ཚོགས་ཀྱི་ཆ་རྐྱེན་དང་ཆེ་ཆུང་ལ་དཔག་པའི་གསར་པ་མང་པོ་ཞིག་བྱུང་སོང་། དེ་ཚོ་ཡག་པོ་དང་ནུས་པ་ངེས་ཅན་ཞིག་འདོན་ཐུབ་ཀྱི་འདུག་བསམ་གྱི་འདུག ཡིན་ནའང་ང་ཚོ་བོད་པའི་གསར་འགོད་ལས་རིགས་ནང་ག་དུས་ཡིན་ཡང་དཀའ་ངལ་གཅིག་ནི་ང་ཚོའི་ཀློག་པ་པོའམ་གསར་འགྱུར་གྱི་དམིགས་འབེན་ཐད་དཀའ་ངལ་ཆེན་པོ་ཞིག་རེད་འདུག དེ་ནི་གཅིག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གསར་འགྱུར་བརྒྱུད་ལམ་གྱི་དམིགས་ཡུལ་ཚང་མ་འདྲ་པོ་བྱས་ནས་ག་དུས་ཡིན་ནའང་དངོས་ཡོད་གནས་ཚུལ་དེ་མི་མང་ལ་ཕྱོགས་ལྷུང་མེད་པར་འགོད་རྒྱུ་གལ་ཆེན་པོ་ཞེ་པོར་རྩི་ཡི་ཡོད་པས་རེད། ཡིན་ནའང་དུས་མཚུངས་སུ་གོ་སྐབས་ཤིག་ཡོད་ཚེ། ང་ཚོས་བཤད་ས་མི་མང་ཤོས་དེ་བོད་ནང་ལ་ཡོད་སྟབས། བོད་ནང་གི་བོད་མིས་བཙན་བྱོལ་གྱི་གནས་ཚུལ་ཤེས་རྒྱུ་གལ་ཆེན་པོ་རེད་དེ། བཙན་བྱོལ་ནང་གི་དཀའ་ངལ་ཆུང་ཙག་རིགས་རྟག་ཏུ་བཤད་བཞིན་བསྡད་ན་གསར་འགྱུར་གྱི་ངོ་བོ་ཁོ་རང་ག་དུས་ཡིན་ནའང་སྡུག་པོ་རྐྱང་བཤད་སྡོད་པ་དང་། ཡག་པོ་ཞིག་བཤད་ན་གསར་འགྱུར་གང་ཡང་མིན་པ་ལྟ་བུ་ཡིན་པས། དེ་བཤད་བཞིན་བསྡད་ན་ཕར་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་དེ་མ་མཐོང་བར་བོད་ནང་གི་བོད་པ་ཚོས་བཙན་བྱོལ་སྤྱི་ཚོགས་ལ་ལྟ་དུས། སྒོ་ནས་བལྟ་རྒྱུ་མེད་པར་སྒོ་ལྕགས་ཀྱི་ལྡེའུ་མིག་གི་ཨི་ཁུང་ལས་བལྟས་པ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། ཆུང་ཆུང་དེའི་ནང་རྟག་ཏུ་སྡུག་པོ་རྐྱང་བསྟན་བསྡད་ན། ཡང་ཏོག་ཙམ་འགྲིག་གི་མེད་པ་ལྟ་བུ་ཞིག་སྟེ་གཅིག་ནས་དངོས་ཡོད་གནས་ཚུལ་མ་ཤེས་པ་དང་། གཉིས་ནས་ཁོང་ཚོས་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་ཤེས་རྟོགས་ཡོང་པར་ཕན་ཐོགས་གང་ཡང་མེད་པ་ལྟ་བུ་ཞིག་རེད། འདི་ཚོ་འགལ་ཟླའི་གཞི་ཞིག་རེད་ལ་དཀའ་ངལ་ཆེན་པོ་ཞིག་ཀྱང་རེད། དེ་ང་ཚོ་གསར་འགོད་པ་དང་ཚང་མས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེ་ཤོས་ཤིག་དང་། ད་ལྟ་ང་ལ་དམིགས་བསལ་ལན་གསལ་པོ་དེ་འདྲ་རྒྱག་རྒྱུ་མེད་དེ་དཀའ་ངལ་དེ་འདྲ་ཞིག་ལ་འཕྲད་བཞིན་འདུག ཡིན་ནའང་ཁྱོན་ཡོངས་ནས་བཤད་ན་གང་ལྟར་གནས་ཚུལ་གསལ་པོ་བཤད་དགོས་པ་གལ་ཆེན་པོ་རེད། ཏོག་ཙམ་ཡག་པོ་ཡིན་ན་འདྲ་སྡུག་པོ་ཡིན་ནའང་རེད། གནས་ཚུལ་མ་ཤེས་པ་ལས་ཤེས་ན་དྲག་གི་རེད་བསམ་གྱི་འདུག དེ་བས་སྤྱིར་བཏང་འདི་འདྲ་ཞིག་རྩ་འཛིན་བྱས་ནས་བཤད་རྒྱུ་རེད་དེ། བོད་པའི་གནས་སྟངས་དེ་དམིགས་བསལ་ཞེ་པོ་བྱས་ནས་གནས་འདུག་བསམ་གྱི་འདུག

གསུམ། བཙན་བྱོལ་བོད་མིའི་གསར་ཁང་ཆེ་ཆུང་ཚང་མ་སྨྲ་བརྗོད་རང་དབང་མེད་པའི་གཞིས་ལུས་བོད་མིའི་མགྲིན་ཚབ་པ་ཞིག་ཡོང་ཐབས་སུ་དམིགས་ཏེ་གསར་འཛུགས་གནང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག་པ་རེད་བསམ་གྱི་འདུག  ཁྱེད་ཀྱིས་བསམ་ན་བཙན་བྱོལ་ནང་གི་གསར་འགོད་པ་ཚོས་བོད་ནང་འགན་ག་ཚོད་ཅིག་འཁུར་ཐུབ་ཡོད་པ་རེད་དགོངས་ཀྱི་འདུག
ལན། དེ་གནས་ཚུལ་ཞེ་པོ་གལ་ཆེན་པོ་རེད་བསམ་གྱི་འདུག ད་ལྟ་བོད་ནང་གསར་འགྱུར་འདུ་འཛོམས་རང་དབང་ཅན་དེ་འདྲ་ཁོར་ཡུག་ཧ་ལམ་རྩ་བ་ཉིད་ནས་ཡོད་པ་མ་རེད། མ་གཞི་གསར་འགོད་པ་རེ་གཉིས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་དེ། སྤྱི་ཡོངས་ནས་ཕལ་ཆེར་ཡོད་པ་མ་རེད་ལབ་ཆོག་གི་ཡོད་པ་རེད། དེ་བས་བོད་ནང་གི་གནས་ཚུལ་དེ་ཚོ་ཕྱི་ན་ཡོད་པའི་གསར་འགོད་པ་ཚོས་བཙན་བྱོལ་ནང་གི་བོད་མི་ཚོའི་ཁྲོད་དང་། དེ་ལས་རྒྱ་ཆེ་བ་འཛམ་གླིང་ཁྱོན་ཡོངས་ལ་སྤེལ་རྒྱུ་དེ་རེད། དེ་ལས་ལྷག་པ་ཞིག་ནི་ང་ཚོས་འདིར་གསར་འགྱུར་སྤེལ་ཚེ་ག་ལེར་གནས་ཚུལ་དེ་ཕྱིར་བོད་ནང་ལ་ཕྱིན་ཏེ། དཔེར་ན་ལྷ་སའི་ནང་ཆ་བཞག་ན་ལྷ་སའི་བྱང་གི་གནས་ཚུལ་ཞིག་ནུབ་ཕྱོགས་པས་མ་ཤེས་ན་ང་ཚོས་སྤེལ་བའི་གནས་ཚུལ་དེ་བརྒྱུད་ནུབ་ཕྱོགས་པ་ཚོས་ཤེས་འགྲོ་བ་དེ་འདྲ་ཡོད་པ་རེད། ཁོང་ཚོ་གྲོང་ཁྱེར་གཅིག་གི་ནང་བསྡད་ཡོད་ནའང་གནས་ཚུལ་དེ་བརྒྱུད་ཕན་ཚུན་གྱིས་ཤེས་རྟོགས་ཡོང་བ་དེ་འདྲ་ཡོད་པ་རེད་བསམ་གྱི་འདུག འདི་ལ་དོ་སྣང་བྱེད་དགོས་པ་དང་གནད་འགག་ཁ་ཤས་ཤིག་མཐོང་གི་འདུག དང་པོ་དེ། སྤྱིར་སོ་སོའི་འཁྲིས་ལ་བྱུང་བའི་གནས་ཚུལ་དེ་ག་དུས་ཡིན་ནའང་ཞེ་པོ་ཆེན་པོ་མཐོང་གི་རེད་ལ། འབྲི་ཡང་སླ་པོ་ཡོད་པ་རེད། དཔེར་ན་དྷ་སའི་གསར་འགོད་པ་ཞིག་ལ་དྷ་སའི་གཡས་གཡོན་གྱི་གནས་ཚུལ་དེ་ཚོ་སོ་སོར་འབྲི་བདེ་ཤོས་དང་དོ་སྣང་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་དེ། ང་ཚོས་བོད་ཁྱོན་ཡོངས་ཀྱི་གསར་འགོད་པ་ཞིག་ཡིན་བསམ་གྱི་ཡོད་ཚེ་གནས་ཚུལ་དེ་ལས་ཆེ་བ་མང་པོ་ཡོད་པ་རེད། གཙོ་བོ་མི་འབོར་ལ་ཆ་བཞག་ནའང་བོད་ནང་མང་ཤོས་ཡོད་པས་བོད་ནང་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ལས་སླ་པོ་མེད་པ་ང་རང་གིས་ཀྱང་ཧ་གོ་ཡི་ཡོད། གཅིག་ནས་བོད་ནང་གི་གནས་ཚུལ་རག་པར་རྒྱ་ནག་གཞུང་གིས་འགོག་རྐྱེན་མང་པོ་བཟོ་ཡི་ཡོད་པ་རེད། ཡིན་ནའང་ང་ཚོས་འབད་བརྩོན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ལ། ད་དུང་འདང་གི་ཡོད་པ་མ་རེད་བསམ་གྱི་འདུག གཉིས་པ་ནི་ད་ལྟ་བར་དུ་བཙན་བྱོལ་ན་ཡོད་པའི་གསར་འགྱུར་བརྒྱུད་ལམ་དེ་ཚོས་བོད་ནང་གི་གནས་ཚུལ་ལ་དོ་སྣང་བྱེད་སྐབས་ཧ་ལམ་མང་ཆེ་བས་རྒྱ་ནག་གཞུང་གི་ལས་ཀ་སྡུག་པོ་བྱས་པ་དེ་ཚོའི་ཐོག་བལྟས་ནས་ཡོད་པ་ལས་གཞན་ལ་བལྟ་ཐུབ་ཀྱི་མི་འདུག དེའི་སྐོར་བཤད་རྒྱུ་དེ་ཡང་གལ་ཆེན་པོ་ཞེ་དྲག་རེད། བོད་ནང་དང་རྒྱ་ནག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་བཤད་མཁན་ཡོད་པ་མ་རེད།  ང་ཚོས་མ་བཤད་ན་སུས་བཤད་ཀྱི་རེད། ཡིན་ནའང་བོད་ནང་འཚོ་བ་སྐྱེལ་དུས་བོད་མི་ཚོས་རྟག་པར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་བསྡད་ཡོད་པ་མ་རེད། ངས་བོད་ནང་གི་འཚོ་བ་ཡར་རྒྱས་ཕྱིན་སྐོར་ངེས་པར་དུ་ཕྲིས་ལབ་ཀྱི་མེད། བོད་ནང་ཁོང་ཚོ་ལ་འཚོ་བ་གཞན་པ་ཞིག་ཡོད་པ་རེད། དེ་བས་ཆབ་སྲིད་མ་ཡིན་པའི་དཔལ་འབྱོར་དང་ཁོར་ཡུག་སོགས་དང་འབྲེལ་བའི་གནད་དོན་མང་པོ་ཡོད་པ་རེད། སྤྱིར་བཙན་བྱོལ་གྱི་གསར་འགྱུར་བརྒྱུད་ལམ་དེ་ཚོ་ཆུང་ཆུང་དང་འགྲོ་སོང་དེ་ཙམ་མེད་པ་ལ་བརྟེན་ལས་ཀ་བྱེད་ཁག་པོ་ཡོད་པ་རེད་དེ། ཏོག་ཙམ་འབད་བརྩོན་བྱེད་དགོས་མེད་དམ་བསམ་གྱི་འདུག ཕྱོགས་གཅིག་ནས་བོད་ནང་གི་བོད་མི་ཚོས་སྐད་ཆ་བཤད་ཐུབ་ཀྱི་མེད་པས་ང་ཚོ་བོད་མི་མང་གི་མགྲིན་ཚབ་པ་ཡིན་པར་བསམ་པ་དེ་བདེན་པ་རེད། ཡང་ཕྱོགས་གཞན་ཞིག་ནས་ང་རང་ཚོས་རང་ཉིད་ཀྱིས་ག་ཙམ་ཚབ་བྱེད་ཐུབ་ཀྱི་མེད་པའི་གདེང་ཚོད་ཞིག་དགོས་པ་རེད་བསམ་གྱི་འདུག  ཅི་ཙམ་ཞིག་ཚབ་མཚོན་ཐུབ་ཀྱི་མེད་པ་དེ་བཤད་ཐུབ་པ་ཞིག་དགོས་ཀྱི་འདུག་བསམ་གྱི་འདུག ང་ཚོས་ཁོང་ཚོས་ག་རེ་བསམ་པ་དེ་བཤད་ཐུབ་ཀྱི་ཡོད་ལབ་ནའང་མ་འགྲིག་པ་ཞིག་ཏུ་མཐོང་གི་འདུག ང་ཚོས་བྱེད་ཐུབ་པ་དང་མི་ཐུབ་པའི་ལས་ཀ་ཚང་མ་ཤེས་བཞིན་དུ་བྱེད་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག

བཞི། བཙན་བྱོལ་བོད་མིའི་འདས་པའི་ལོ་ངོ་ ༦༠ ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། གསར་འགྱུར་ལས་རིགས་ལ་འཕེལ་འགྱུར་ག་ཚོད་ཅིག་ཕྱིན་འདུག་དགོངས་ཀྱི་འདུག
ལན། དེང་དུས་ཀྱི་གསར་འགྱུར་བརྒྱུད་ལམ་ནི་ཁྱོན་ཡོངས་ནས་ང་ཚོ་བོད་པར་ཏོག་ཙམ་གསར་པ་ལྟ་བུ་ཞིག་རེད། སྔ་མོའི་དུས་ལ་བོད་དུ་གསར་འགྱུར་བརྒྱུད་ལམ་ཟེར་ནས་ཚགས་པར་སོགས་དམིགས་བསལ་གྱིས་ཧ་ལམ་ཡོད་པ་མ་རེད། ཐག་རིང་པོ་བཤད་མ་དགོས་པར་ཕྱི་ལོ་ ༡༩༤༠ ནང་དུའང་མེད་པ་རེད། ཡིན་ནའང་གསར་འགྱུར་བརྒྱུད་ལམ་ཟེར་དུས་ཚགས་པར་ནང་དཔར་རྒྱག་དགོས་པ་དེ་འདྲའང་མིན་པར། ཀ་བཤད་དང་ཤོ་བཤད་སོགས་ཀྱི་ལམ་ནས་སྤྱི་ཚོགས་ཀྱིས་མ་འགྲིག་པ་དང་དེ་ཚོ་ཐེར་འདོན་བྱེད་པའི་ལུགས་སྲོལ་དེ་ཚོ་སྔ་མོ་ནས་ཡོད་པ་རེད་ལ། དེ་ཚོ་གསར་འགྱུར་མིན་པ་གང་ཡང་མ་རེད་བསམ་གྱི་འདུག་སྟེ། དེང་དུས་ཀྱི་རླུང་འཕྲིན་དང་ཚགས་པར་དེ་འདྲ་མེད་པ་རེད། གང་ལྟར་རྒྱ་མིས་བཙན་འཛུལ་མ་བྱས་སྔོན་ཙམ་ལ་གཞིགས་ནས་མེ་ལོང་བྱུང་བ་རེད།

སྐྱོན་ཆེ་ཤོས་དེ་ང་ཚོར་གསར་འགྱུར་བརྒྱུད་ལམ་ཐོག་མ་ངོ་སྤྲོད་བྱེད་མཁན་དེ་ཡག་པོ་ཁྱོན་ནས་བྱུང་མི་འདུག དང་པོ་དེ་རྒྱ་མི་བོད་ལ་ཡོང་ནས་བྱས་པ་ལྟ་བུ་ཞིག་ཆགས་ཡོད་པས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནི་སྔ་མོའི་ཨུ་རུ་སུའི་ལེ་ཉིན་གྱི་དྲིལ་བསྒྲགས་ཀྱི་བསམ་བློ་གཏོང་ཕྱོགས་དེ་ནས་བྱུང་བ་རེད། སྔོན་མ་དྲིལ་བསྒྲགས་ཟེར་དུས་ཚིག་ཡག་པོ་ཞིག་ལ་གོ་བསྡད་པ་རེད། དབྱིན་ཡིག་ནང་ (Propaganda) ཟེར་བ་དེ་ཡིན་ན་སྡུག་པོ་ཞིག་ལ་གོ་ཡི་ཡོད་པ་རེད། དོན་དངོས་སུ་གསར་འགོད་ནི་དྲིལ་བསྒྲགས་ལས་ལོག་ཁ་ཡིན་དགོས་པ་རེད་དེ། ང་ཚོ་པེ་ཅིན་དུ་སློབ་གྲྭར་འགྲོ་སྐབས་གསར་འགོད་སྦྱོང་མཁན་དེ་ཚོའི་དགེ་རྒན་ཚོ་ཁྱོན་ནས་ཡག་པོ་བྱུང་མི་འདུག་བསམ་གྱི་འདུག  བཙན་བྱོལ་ལ་བསླེབས་རྗེས། བོད་མི་རེ་འགས་རྒྱ་གར་ནང་ནས་གསར་འགོད་ལས་རིགས་ཐོག་སློབ་གཉེར་བྱས་ཡོད་པ་འདྲ་ལ་ཁག་ཅིག་གིས་པེ་ཅིན་ནས་སློབ་གཉེར་བྱས་རྗེས་ཚུར་ཕེབས་པ་རེད། ཆེད་སྦྱོང་བྱེད་མཁན་ཧ་ཅང་མི་གྲངས་ཉུང་ཉུང་རེད་དེ། ཁོང་ཚོས་ཤེས་བྱ་སོགས་བཙུགས་ནས་སྐབས་དེར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། ཡིན་ནའང་ཁྱབ་ཚད་ཆུང་ཆུང་ཞིག་མིན་འགྲོ་བསམ་པ་ཞིག་འདུག ཕལ་ཆེར་རང་དབང་ལྡན་པའི་གསར་འགོད་ནི་ ༡༩༨༠ གྱ་གྲངས་ནང་བྱུང་བ་མིན་ནམ་བསམ་གྱི་འདུག ཡིན་ནའང་འདས་པའི་ལོ་ ༢༠ ཙམ་ནང་ཞེ་དྲག་ཡག་ཏུ་འགྲོ་ཡི་འདུག ཡག་ཤོས་བྱུང་ན་གསར་འགྱུར་བརྒྱུད་ལམ་ནི་གཞུང་གིས་སྟངས་འཛིན་མ་བྱས་པར་སྒེར་ངོས་ནས་བྱེད་ཐུབ་པ་ཞིག་ཡིན་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག གཞུང་གིས་མཐུན་རྐྱེན་དང་ཁོར་ཡུག་བསྐྲུན་པ་གལ་ཆེན་པོ་རེད། དཔེར་ན་ཨ་རིར་ཆ་བཞག་ན་ཨ་རིའི་ཁྲིམས་ནང་ཨ་རིའི་གཞུང་ནས་གསར་འགྱུར་ལས་ཁུངས་ཁྱོན་ནས་བཙུགས་ཆོག་གི་ཡོད་པ་མ་རེད། གཞུང་གིས་བཙུགས་ན་དྲིལ་བསྒྲགས་ཆགས་འགྲོ་ཡི་ཡོད་པས་མི་མང་ལ་མགོ་བསྐོར་གཏོང་བ་ཆགས་ཀྱི་ཡོད་པ་དང་། ཨ་རིའི་རླུང་འཕྲིན་ཁང་སོགས་ཀྱང་ཕྱི་རྒྱལ་ཁག་ཏུ་མ་གཏོགས་ནང་དུ་བཏང་མི་ཆོག་པ་ལབ་ཡོད་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་ཁང་ཡག་པོ་ཞིག་དགོས་ཀྱི་ཡོད་ན་སྒེར་སོ་སོའི་ངོས་ནས་འཛུགས་ཡ་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག

ལྔ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་གཞུང་གིས་སྟངས་འཛིན་ཐེབས་ཀྱི་ཡོད་པ་རེད་དགོངས་ཀྱི་འདུག་གམ།
ལན། སྒེར་གྱིས་བཙུགས་པའི་བོད་ཀྱི་དུས་བབ་སོགས་རང་དབང་ཅན་ཡིན་གྱི་རེད་བཱ། ཤུགས་རྐྱེན་ནི་ག་དུས་ཡིན་ནའང་ཡོང་གི་རེད་ལ། ཨ་རིའི་ནང་དུའང་ཡོང་གི་རེད། ང་ཞུས་ཡ་དེ་ནི་གསར་འགོད་རང་དབང་དང་རང་དབང་གསར་འགོད་བར་ལ་ཁྱད་པར་ཡོད་པ་རེད། གསར་འགོད་རང་དབང་ནི་ཐོབ་ཐང་སྐོར་ལ་བཤད་ཀྱི་ཡོད་པ་རེད། རང་དབང་གསར་འགོད་ནི་གཞུང་གི་ཐེ་བྱུས་འོག་མེད་པ་ཞིག་ལ་ཟེར་གྱི་ཡོད་པ་རེད། ཤུགས་རྐྱེན་ཡོང་གི་རེད། འོན་ཀྱང་གང་ཆུང་ཆུང་ཐེབས་པ་བྱེད་རྒྱུ་གལ་ཆེན་པོར་མཐོང་གི་འདུག མགོ་ཁྲིད་ཀྱི་འདོད་པ་སོགས་གསར་འགོད་ལྷན་ཚོགས་སོགས་ཚོགས་ནས་མི་མང་ནང་སླེབས་པར་གཞུང་ལ་ཐབས་ཤེས་ཡོད་པ་རེད། གཞུང་ངོས་ནས་བཙུགས་སྟེ་དྲིལ་བསྒྲགས་བྱས་པ་ཡིན་ན་རྒྱ་ནག་གཞུང་གི་བྱེད་སྟངས་དང་ཕྱོགས་འདྲ་པོ་ཡོད་པ་རེད། རྒྱ་ནག་གཞུང་གིས་སྡུག་ཤོས་དེ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གི་བྱེད་སྟངས་དེ་མ་བྱས་ནའང་དེ་མཚུངས་ཀྱི་ཕྱེད་ཀ་དང་བརྒྱ་ཆའི་ ༤ དང་ཡང་ན་ ༡༠ ཡི་ཐེ་བྱུས་བྱེད་མ་དགོས་པ་གཙོ་འདོན་བྱ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཡག་ཤོས་དེ་ནི་སྤྱི་ཚོགས་ཆེན་པོ་དང་ཆུང་ཆུང་གང་ཡིན་ནའང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཡིན་པའི་དམངས་གཙོའི་ལམ་ལུགས་ཤིག་ཡོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག

དྲུག ད་ལྟ་རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་ནང་ཙམ་མ་ཟད། བོད་ཕྱི་ཡི་གསར་འགྱུར་རང་དབང་ལའང་བཀག་སྡོམ་གྱི་བྱུས་འདོན་ཡོང་གི་ཡོད་དུས། བཙན་བྱོལ་ནང་གི་གསར་ཁང་ཚོས་དེ་ལ་དཔག་པའི་གྲ་སྒྲིག་གསར་པ་ག་རེ་གནང་གལ་ཆེན་པོ་འདུག
ལན། དེང་སྐབས་རྒྱ་ནག་གཞུང་གིས་ཁོ་རང་ཚོ་ཕྱི་ལ་དྲིལ་བསྒྲགས་བྱེད་པར་ཐབས་ཤེས་འདྲ་མིན་བྱེད་ཀྱི་ཡོད་པ་རེད། དེ་ལ་ཁ་གཏད་གཅོད་པར་རྒྱ་ནག་གི་བྱེད་སྟངས་དེར་ཁ་ཕྱོགས་ཁ་ཁ་ཡིན་ནའང་ལད་མོ་བྱེད་པ་དེ་ང་ཚོའི་ཐབས་ཤེས་ཡག་ཤོས་དེ་མ་རེད་བསམ་གྱི་འདུག ཁོང་ཚོའི་འགྲོ་སོང་ནི་གཞུང་གིས་གཏོང་བ་དང་རྫུན་བཤད་ཀྱི་ཡོད་པ་རེད། ཁོང་ཚོས་དཀར་པོ་རེད་ལབ་ན་ང་ཚོས་ངེས་པར་དུ་ནག་པོ་རེད་ལབ་མི་དགོས་པར་གཙོ་བོ་དངོས་ཡོད་གནས་ཚུལ་དེ་བྱུང་ན་བསམ་གྱི་འདུག གང་ཡིན་ཟེར་ན། དེ་ལྟར་བྱས་ནས་བསྡད་ན་བརྗོད་གཞི་དེ་རྒྱ་ནག་གི་ལག་པར་བསླེབས་འགྲོ་ཡི་འདུག ཁོ་ཚོ་རེད་ལབ་ས་དེར་ང་ཚོས་རྟག་པར་མ་རེད་ལབ་ནས་ལྷག་འགྲོ་ཡི་ཡོད་པ་རེད། ང་རང་ཚོའི་ངོས་ནས་ཀྱང་སྐད་ཆ་ཐལ་ཆ་ཆེ་དྲག་པ་དེ་འདྲ་མི་བཤད་པར་སུས་ཉན་ནའང་འདི་ཚོས་རྫུན་བཤད་ཀྱི་མ་རེད། འུར་རྒྱག་གི་མ་རེད་བསམ་པ་ཞིག་བཟོ་ཐུབ་དགོས་རེད། ད་ལྟ་འོ་ཙམ་བཟོས་ཡོད་ནའང་མུ་མཐུད་ཡག་ཏུ་གཏོང་དགོས་རེད། རྒྱ་ནག་གི་གསར་འགྱུར་རྫུན་མ་དེ་ཚོར་ཡ་དེ་ཙམ་བྱེད་དགོས་མི་འདུག་བསམ་གྱི་འདུག ཁོ་ཚོའི་གསར་འགྱུར་ལ་ཁོ་ཚོས་དངུལ་སྤྲད་པ་དེ་ཚོས་ཀྱང་ལྟ་ཡི་ཡོད་པ་མ་རེད།

མཚམས་མཚམས་སུ་ང་ཚུད་པའི་གསར་འགོད་པ་ཚོས་དྷ་ས་སོགས་ཀྱི་གནས་ཚུལ་དེ་ཚོ་སྤེལ་སྟངས་ལ་ཅིག་བལྟས་ན། རྒྱ་ནག་གི་ཚོགས་འདུ་འཚོགས་པའི་གནས་ཚུལ་སྤེལ་སྟངས་ཀྱི་སྒྲོམ་གཞི་དང་འདྲ་པོ་འདྲ་པོ་འདུག ཡག་པོ་ཞིག་བྱུང་རབས་དང་མགོ་འཁྲིད་སུ་སུ་ཕེབས་མིན་གྱི་མིང་མང་པོ་སོགས་དྲིལ་བསྒྲགས་ལ་མཁོ་བའི་གནས་ཚུལ་འདྲ་པོ་ཞིག་འབྲི་ཡི་འདུག དེ་ཚོ་ག་ལེ་ག་ལེར་ང་ཚོས་འགྱུར་ལྡོག་གཏོང་དགོས་ངེས་ཅན་རེད་བསམ་གྱི་འདུག ནུབ་ཕྱོགས་ཀྱི་གསར་འགྱུར་འགོད་མཁན་ཡག་པོ་དེ་ཚོས་ཁྱོན་ནས་དེ་ཚོ་འབྲི་ཡི་མ་རེད། དེ་ཚོར་གཟབ་གཟབ་བྱེད་དགོས་པ་གལ་ཆེན་གྱི་གྲས་རེད་བསམ་གྱི་འདུག རྒྱ་ནག་གཞུང་གིས་ང་ཚོར་ཅིག་བྱེད་ཀྱི་རེད་དང་ང་ཚོར་གནོད་སྐྱེལ་ཀྱི་རེད་བསམ་པ་དེ་ཚོ་ཉེན་ཁ་ཆུང་བའི་གྲས་རེད་བསམ་གྱི་འདུག

སྐབས་མཚམས་སྐབས་མཚམས་སུ་རྒྱ་ནག་གཞུང་གིས་ཁོ་རང་ཚོ་ལ་གང་དགོས་པ་དེ་དང་རྒྱལ་ཁ་ཁོ་ནའི་ཆེད་བསྒྲུབས་ཀྱི་འདུག་སྟེ། མཐའ་མ་དེར་རྫུན་བཤད་ན་སྔ་ཕྱི་ཞིག་མ་གཏོགས་ཐར་ཀྱི་མ་རེད་བསམ་གྱི་འདུག ཁོང་ཚོར་ཁེ་བཟང་གཅིག་རག་ན་ཕྱོགས་གཞན་ནས་གྱོང་གཉིས་ཙམ་རག་གི་འདུག དཔེར་ན་ཕྱི་ལོ་ ༡༩༩༠ ཙམ་ནས་རྒྱ་ནག་གཞུང་གིས་མཉེན་པོའི་སྟོབས་ (Soft Power) སྤེལ་ཐབས་མགོ་བཙུགས་པ་དང་། ད་བར་རྒྱ་ནག་སྟོབས་ཤུགས་ཆེན་པོར་གྱུར་ཡོད་པ་རེད་དེ། རྒྱ་ནག་གི་སྟོབས་ཤུགས་དང་དབང་ཤུགས་གཉིས་མིའི་ལྟ་སྟངས་དང་མཐོང་ཚུལ་ལ་བསྡུར་ཚེ་མཐོང་ཚུལ་དེ་ཙམ་ཡག་པོ་བྱུང་མེད་པ་རེད།

བདུན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་གསར་ཁང་ཚོ་སྒྲོམ་གཞི་དེ་ལས་ཐར་བ་ཞིག་བྱུང་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། བྱུང་མ་ཐུབ་པ་ལབ་ན་འགྲིག་གི་མི་འདུག ང་ཚོར་གསར་འགོད་ཀྱི་ལས་རིགས་ངོ་སྤྲོད་བྱེད་མཁན་དང་དགེ་རྒན་ཐོག་མ་དེ་རྒྱ་ནག་ཡིན་སྟབས། ང་ཚོའི་མི་ཐོག་ཁ་ཤས་བརྗེས་ཚར་ནའང་ད་དུང་དེའི་དུག་རྒྱུན་ལྟ་བུ་ཞིག་སེལ་མ་ཐུབ་པར་ལྷག་བསྡད་ཡོད་པ་རེད་བསམ་གྱི་འདུག གཉིས་པ་དེ་ང་ཚོ་གསར་འགོད་པའི་སྐྱོན་གཅིག་པོ་རེད་བསམ་གྱི་མི་འདུག སྐད་ཆ་ཁ་ཐུག་བཤད་ཐུབ་པའི་ཁོར་ཡུག་དེར་བསླེབས་ཐུབ་ཡོད་པ་མ་རེད། གཞན་ཞིག་ནི་ཆ་རྐྱེན་གྱིས་མ་འདང་པའི་རྐྱེན་རེད། བརྒྱུད་ལམ་ཡག་པོ་དང་སྤུས་དག་པོ་དགོས་ཚེ་མི་གསོ་སྐྱོང་བྱེད་པ་དང་གསར་ཁང་ཁོ་ནར་འགྲོ་སོང་ཆེན་པོ་གཏོང་ཐུབ་དགོས་པ་རེད། དེ་བཞིན་ཀློག་པ་པོ་དང་ཉོ་མཁན་མང་པོ་དགོས་པ་རེད། ང་ཚོར་དེ་ཚོ་ཡོད་པ་མ་རེད། ཡིན་ནའང་ཆ་རྐྱེན་གང་ཡོད་པ་དེ་ལ་དཔག་ནས་དམིགས་འབེན་རང་དུ་འགྲོ་མ་ཐུབ་རུང་ཁ་ཕྱོགས་ཙམ་དུ་འགྲོ་ཐུབ་ན་ཡག་པོ་མེད་དམ་བསམ་གྱི་འདུག རྟག་པར་མང་ཤོས་དེ་ཚོགས་འདུའི་གསར་འགྱུར་རྐྱང་འབྲི་བ་མིན་པར་ཨ་རིའི་གསར་འགྱུར་དེ་ཚོ་ཚོགས་འདུ་ཚོགས་པའི་སྐོར་དེ་ཚོ་ཞེ་པོ་ཉུང་ཉུང་རེད། ང་ཚོ་ཚང་མར་སྐྱོན་དེ་འདུག

བརྒྱད། བཙན་བྱོལ་བོད་ཀྱི་གསར་འགོད་པ་ཚོས་གསར་འགྱུར་ལས་རིགས་ཐད་མ་འདང་ས་ག་རེ་ག་རེ་གཟིགས་ཀྱི་འདུག
ལན། མ་འདང་ས་གཙོ་བོ་དེ་ཚོ་གོང་དུ་ཞུས་ཟིན་པ་ལྟ་བུ་ཞིག་བྱུང་སོང་། གཙོ་བོ་དེ་སྤྱི་ཚོགས་སྟེང་གི་གནད་འགག་དོན་སྙིང་ཆེན་པོ་དེ་ཚོ་མ་བརླག་པ་བྱས་ཏེ། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་དེ་ཚོར་ལས་འགན་གཞན་པ་ཞིག་འདུག་བསམ་གྱི་འདུག དེ་ནི་བོད་དང་རྒྱ་ནག་ནང་གི་གནས་ཚུལ་དེ་ཚོ་བཙན་བྱོལ་བོད་མི་ཚོར་ངོ་སྤྲོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག དེའི་ཐོག་ལ་ཁྱོན་ནས་འདང་གི་མི་འདུག བོད་ནང་གི་བོད་ཡིག་ཤེས་མཁན་ཚོས་བྲིས་པ་དེ་ནི་བཙན་བྱོལ་གྱི་དབྱིན་ཡིག་ཤེས་མཁན་དེ་ཚོས་གོ་ཡི་ཡོད་པ་མ་རེད། དེ་བཞིན་དབྱིན་ཇི་ནི་བོད་ནང་གི་བོད་མིས་གོ་ཡི་ཡོད་པ་མ་རེད། དེ་བར་གོ་བརྡ་སྤྲོད་རྒྱུ་ནི་གསར་འགོད་པའི་འགན་འཁྲི་ཆེ་ཤོས་ཤིག་རེད་བསམ་གྱི་འདུག དཔེར་ན་ང་ཐོག་མར་ཕྱི་ལོ་ ༡༩༩༤ ཙམ་ལ་ལས་ཀར་ཞུགས་སྐབས་དེར། པེ་ཅིན་དུ་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་ ༤ པ་ཚོགས་པ་རེད། སྐབས་དེར་དྷ་སར་ལི་ཐང་ཨ་དར་གྱི་རྙོག་དྲ་ཆེན་པོ་ཞེ་དྲག་ཡོད་པ་རེད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལི་ཐང་ཨ་དར་ཅིག་ཅིག་དང་བོད་སོག་ལས་ཁུངས་ཅིག་ཅིག་བཤད་ཀྱི་ཡོད་པ་རེད། ང་ཚོས་ད་ལྟ་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། མི་མང་ཆེ་བས་ལི་ཐང་ཨ་དར་དང་བོད་སོག་ལས་ཁུངས་བརྗེད་ཚར་བ་རེད། བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་ ༤ པ་དེས་བོད་ཕྱི་རྟིང་བསློགས་པ་རེད། ལོ་བརྒྱ་ཕྱིན་པ་ཡིན་ནའང་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ནས་འབྲི་དགོས་ན་དེའི་སྐོར་ཤོག་ངོས་ཁ་ཤས་ཤིག་འབྲི་དགོས་བྱུང་གི་རེད། ལི་ཐང་ཨ་དར་ནི་མཆན་ཆུང་ཞིག་གི་ནང་དུའང་བསླེབས་ཀྱི་མེད་པས་སྐབས་དེའི་གསར་ཁང་ཚང་མ་གནས་ཚུལ་དེར་མགོ་འཁོར་ནས་བསྡད་པ་རེད། དེ་བས་དེ་འདྲའི་རིགས་དེ་ལ་ང་ཚོའི་སྤྱི་ཚོགས་ནང་མ་འདང་བ་ཆེ་ཤོས་དང་འབད་བརྩོན་བྱེད་དགོས་ས་དེ་མཐོང་གི་འདུག དེ་ངས་ཁ་ནས་བཤད་པ་ཙམ་མ་གཏོགས་ལས་སླ་པོ་ཡོད་པ་མ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༠༣

Leave a Reply

3 thoughts on “བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་ཁང་ཡག་པོ་ཞིག་དགོས་ཀྱི་ཡོད་ན་སྒེར་སོ་སོའི་ངོས་ནས་འཛུགས་ཡ་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག

  1. འདུས་བྱུང་ཕུན་ཚོགས་ཚེ་རིང་།

    ཚེ་བརྟན་དབང་ཕྱུག་ལགས་ཀྱིས་བཀའ་མོལ་ལྗི་ཁོག་ཆེན་པོ་ཡོད་པ་ཁ་ཤས་གསུངས་སོང་ལ། ནང་དོན་དེ་ཚོ་ང་ཚོའི་གསར་འགོད་པ་ཚོས་མཁྱེན་རྟོགས་ཡོང་བ་དང་། ཕྱག་ལེན་དུ་འཁྱོང་བའི་རེ་བ་ཞུ།

    འདྲི་བ་ཡག་པོ་འདྲིས་ཐུབ་མེད་ན། ལྗགས་ལན་ཡག་པོ་དེ་འདྲ་ཡང་རག་ཐབས་མེད་པས་སོ།

  2. གཞུང་པ་ཚེ་དབང་བསོད་ནམའ་

    བཙན་བྱོལ་སྤྱི་ཚོགས་ནང་རང་མགོ་འཐོན་པའི་གསར་ཤོག་
    མེད་པ་འདིའི་བཙན་བྱོལ་མི་མང་གི་བསམ་བློའི་གནས་ཚད་
    དང་གོ་རྟོགས་ཀྱི་ནུས་པ་དུས་ད་ལྟ་ཡང་ཡར་རྒྱས་འགྲོ་མ་ཐུབ་
    པ་ནི་ང་ཚོོར་བསམ་ན་རྗེས་ལུས་ཆེནཔོའི་ནང་ང་ཚོ་མི་ཡུལ་དུ་
    ལྷག་ནས་མི་ལོ་དྲུག་བཅུ་རྫོགས་འགྲོ་བ་དེ་བཙན་བྱོལ་བོད་མིའི་
    སྒྲིག་འཛུགས་དང་བཙན་བྱོལ་མི་མང་ནས་ད་དུང་གསལ་པོ་རྟོགས་
    མ་ཐུབ་པར་ངོས་འཛིན་ཞུ་གི་ཡོད་ལ་བཙན་བྱོལ་སྤྱི་ཚོགས་ནང་མི
    མང་དམངས་གི་བསམ་ཚུལ་གླེང་སའི་རང་དབང་ཅན་གྱི་གསར་རྒྱུར་
    བརྒྱུད་ལམ་གང་མང་སྐྱེ་སྲིངས་ཐུབ་པའི་འགན་དེ་དབུས་བོད་མིའི་
    སྒྲིག་འཛུགས་ནས་བཞེས་དགོས་པ་དེ་བཙན་བྱོལ་མི་མང་ལ་བསམ་ན་
    ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོ་སྤྲོད་བྱ་འདོད་བྱུང།

  3. ཚེ་བརྟན་དབང་ཕྱུག་ལགས་ནས་ཡག་པོ་གསུངས་སོང་།
    འདྲི་ཚིག་མཐའ་མ་དེ་བསྐྱར་ཏུ་དྲིས་སོང་མ་གཏོགས་དྲི་བའང་ཡག་པོ་འདུག