ཨོ་རི་ས་སོཊ་སུ་ཆར་རླུང་ཆེན་པོ་བྱུང་།

རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཨོ་རི་ས་སོགས་སུ་ཆར་རླུང་ཆེན་པོ་བྱུང་ཡོད་ཀྱང་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ལ་གནོད་སྐྱོན་ཐེབས་མེད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ་རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་ཨོ་རི་ས་གཙོ་བོར་གྱུར་བའི་མངའ་སྡེ་ཁག་ཅིག་ནང་ཆར་རླུང་ཧྥ་ནེ་ (Cyclone Fani) ཟེར་བ་བྱུང་སྟེ། ཡུལ་མི་ས་ཡ་གཅིག་ཙམ་གནས་སྤོས་དགོས་བྱུང་ཡོད་པ་དང་། གནས་སྐབས་རིང་ས་གནས་ཀྱི་ལས་ཁུངས་དང་སློབ་གྲྭ། དེ་བཞིན་གནམ་ཐང་སོགས་སྒོ་བརྒྱབས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཨོ་རི་ས་མངའ་སྡེའི་ (Orissa)ཕུན་ཚོགས་གླིང་བོད་མིའི་གཞིས་མགོ་ཆོས་ནོར་བསམ་འགྲུབ་ལགས་སུ། བོད་མིའི་གཞིས་གྲོང་གི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། ཉིན་ཤས་སྔོན་ནས་ཆར་རླུང་གཙོ་བོ་དེ་ང་ཚོའི་གནས་སར་འཁེལ་གྱི་ཡོད་པའི་ཚོད་དཔག་བྱུང་བ་རེད། དངོས་གནས་བྱས་ན་དེ་རིང་ཡོང་དགོས་ཡོད་པ་རེད་དེ་བསླེབས་མ་སོང་བས། ད་ནི་ཕལ་ཆེར་བརྒྱ་ཆའི ༨༠ ཙམ་འདི་བརྒྱུད་ནས་འགྲོ་ཡི་མ་རེད་བསམ་གྱི་འདུག ཡིན་ནའང་ཏན་ཏན་ཡོད་པ་མ་རེད། དེ་རིང་ཆར་བ་དང་རླུང་མང་པོ་གཡུགས་སོང་། ཡིན་ནའང་། ད་སྔ་མི་ལ་རྨས་སྐྱོན་དང་ལོ་ཏོག་དང་ཁང་པ། ཤིང་སྡོང་སོགས་ལ་ཆག་སྐྱོན་གང་ཡང་མ་བྱུང་ཞེས་བརྗོད་བྱུང་།

རྒྱལ་སྤྱིའི་གསར་ཁང་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ད་སྔ་མི་ ༢ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་།  ད་ལྟ་ཁུལ་དེའི་སློབ་གྲྭ་དང་གཞུང་ལས་ཁང་། གནམ་ཐང་སོགས་གནས་སྐབས་རིང་སྒོ་བརྒྱབས་ཡོད་པ་དང་། ཐེངས་འདིའི་ཆར་རླུང་ལ་གཡོལ་ཆེད་ཨོ་རི་ས་མངའ་སྡེའི་ཤར་ཕྱོགས་ཀྱི་མི་མང་ས་ཡ་ ༡ ཙམ་ས་གནས་གཞན་དུ་སྤོ་དགོས་བྱུང་སྟེ། འཕྲལ་སེལ་སྡོད་གནས་གྲ་སྒྲིག་བྱས་ཡོད་ནའང་ད་དུང་མི་མང་པོར་སྡོད་གནས་དང་འཐུང་ཆུ་གཙང་མ་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་འདུག་ལ། རྒྱ་གར་གྱི་ས་གནས་གཞན་དུའང་ཆར་རླུང་དེ་ལ་བརྟེན་ནས་ཆུ་ལོག་རྒྱུག་ནས་ལམ་དང་ཟམ་པ་འཁྱེར་བ་དང་། ཤིང་སྡོང་འགྱེལ་ཏེ་གློག་སོགས་ཆད་པའི་གནས་ཚུལ་བྱུང་བཞིན་ཡོད་འདུགཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཙམ་ནས་རྒྱ་གར་རྒྱལ་ཡོངས་གོད་ཆག་ལྟ་རྟོག་ཁང་གིས་ཛ་དྲག་གསལ་བསྒྲགས་སྤེལ་ཏེ། དེ་རིང་ཨོ་རི་ས་མངའ་སྡེའི་པུ་རེ་གྲོང་ཁྱེར་ (Puri) གྱི་ལྷོ་རྒྱུད་དུ་མགྱོགས་ཚད་ཆུ་ཚོད་གཅིག་ནང་སྤྱི་ལེ་ ༡༧༥ ནས་ ༡༨༥ ཡིན་པའི་ཆར་རླུང་དྲག་པོ་ཞིག་གཡུག་རྒྱུ་ཡིན་པས་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། དེ་བཞིན་རྒྱ་གར་པན་གྷིལ་མཚོ་རྒྱུད་ (Bay of Bengal) དུ་ཆགས་པའི་ཨན་ཌར་མངའ་སྡེ་ (Andhra Pradesh) དང་ཏ་མིལ་ནཱ་ཌུ་(Tamilnadu) སོགས་ཀྱི་མཚོ་ཁའི་ཉ་བ་ཚོས་གཟབ་དགོས་པའང་བསྒྲགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༠༣

Leave a Reply