ཁ་བྲལ་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་བྱ་རྒྱུའི་རེ་བ་ཡོད།

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོའི་བྱམས་བརྩེའི་ཐུགས་ཁུར་ཆུད་ཟོས་སུ་མི་གཏོང་བར་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བྱས་རྗེས་འཇོག་ཁོ་ཐག་ཡིན་ཟེར།
ཁ་སང་ཕྱི་ཚེས་ ༥ ཉིན།  རྒྱ་ནག་པེ་ཅིན་གྲོང་ཁྱེར་མི་དམངས་ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཆབ་སྲིད་མགོ་འཁྲིད་ཝང་དབྱང་ཟེར་བས། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་དང་ཐུག་འཕྲད་ཀྱིས་རྒྱལ་མཚན་ནོར་བུ་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་བྱ་རྒྱུའི་རེ་བ་ཡོད་སྐོར་བརྗོད་འདུག

དེ་བཞིན་ཝང་དབྱང་གིས་རྒྱལ་མཚན་ནོར་བུ་ནི་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་པོ་ཞིག་དང་། སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཤུགས་ཆེན་བྱེད་བཞིན་པའི་བོད་རྒྱུད་ནང་བསྟན་གྱི་གཙོ་འཛིན་ཞིག་ཡིན་པས། བོད་རྒྱུད་ནང་བསྟན་ཡང་དག་པའི་ཁ་ཕྱོགས་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་ཆེན་པོ་ཡོད་པ་དང་། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་། ཆབ་སྲིད་ལངས་ཕྱོགས་བརྟན་པོ་བཙུགས་ཏེ་རྒྱ་ཆེའི་ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་བྱ་རྒྱུའི་རེ་བ་ཡོད། ཅེས་བརྗོད་འདུག

ཡང་ཁོས་མུ་མཐུད་རྒྱ་ནག་གིས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་དགོངས་པ་འགྲེལ་བཤད་བྱ་རྒྱུར་སྣེ་ཁྲིད་དང་ཆོས་ལུགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་བོད་རྒྱུད་ནང་བསྟན་དུས་བསྟུན་མདུན་སྐྱོད་ཐུབ་པ་དང་། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་དང་ཕན་ཚུན་མཐུན་པ་བྱེད་དགོས་པ།  ལག་ལེན་དངོས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆོས་ལུགས་ཡོན་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དེང་རབས་ཀྱི་རིག་གནས་ཤེས་བྱར་སློབ་སྦྱོང་བྱེད་པ། ཕྱོགས་བསྡུས་བྱང་ཚད་དང་ཀུན་སྤྱོད་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཆོད་དད་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པའི་བླ་མ་ཞིག་བྱེད་ཐུབ་པ་དགོས། ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་མཛའ་བརྩེའི་ཚོམས་ཁང་ཟེར་བའི་ནང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟེར་བའི་སྟེང་། རྒྱལ་མཚན་ནོར་བུ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱས་པ་ནས། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུར་བོད་ཁུལ་གྱི་དགོན་སྡེ་ཁག་དང་ལྷག་པར་དུ་གཙང་བཀྲ་ཤིས་ལྷུན་པོ་སོགས་ནས་དགེ་རྒན་བརྟེན་ནས་སློབ་སྦྱོང་བྱེད་བཅུག་གི་མེད་པར་རྒྱ་ནག་པེ་ཅིན་ཏུ་གཏན་སྡོད་བྱེད་བཅུག་སྟེ། མཚམས་རེར་བོད་ཁུལ་དུ་ཅུང་ཙམ་རེ་གཏོང་བཞིན་པ་ལས་ནམ་རྒྱུན་འགྲོ་བཅུག་གི་མེད་པ་དང་། རྒྱ་ནག་གཞུང་གི་དཔོན་པོ་ཚོ་ཡང་ཡང་ཐུག་འཕྲད་ཀྱིས་ཁོང་ལ་ཆོས་ལུགས་ཀྲུང་གོ་ཅན་དང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལ་ཤུགས་རྒྱག་དགོས་སྐོར་དང་། བོད་ཁུལ་ཀྱི་ཁ་བྲལ་རིང་ལུགས་པ་ཚོར་མཐའ་གཅིག་ཏུ་སྟངས་འཛིན་དགོས་པ་སོགས་ཀྱི་སློབ་གསོ་རྐྱང་རྒྱག་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གཞུང་གིས་ཆེད་དུ་བཀོད་བསྒྲིགས་ཀྱིས་རྒྱལ་མཚན་ནོར་བུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དང་གཙོས། རྨ་ཆུ། ཀླུ་ཆུ་སོགས་སུ་གཞུང་འབྲེལ་གཟིགས་སྐོར་བྱེད་བཅུག་ཡོད་པ་དང་། སྐབས་དེར་བླ་བྲང་སོགས་སུ་བོད་མི་ཚོར་བཙན་གྱིས་དངུལ་སྤྲད་དེ་མཇལ་ཁ་ལེན་མཁན་བཅུག་ཡོད་པ་མ་ཟད། བླ་བྲང་དགོན་པ་གཙོས་པ་ས་གནས་ཁག་རྒྱ་དམག་སྟོང་ཕྲག་མང་པོས་དམ་དྲག་བྱས་ཡོད་པ་དང་། སྐབས་དེར་རྒྱལ་མཚན་ནོར་བུ་བླ་བྲང་དུ་འཁྲིད་པའི་དམིགས་ཡུལ་གཙོ་བོ། ཟླ་ཁ་ཤས་རིང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་བྱེད་དུ་འཇུག་རྩིས་ཡོད་ཀྱང་། བླ་བྲང་དགོན་པའི་དགེ་འདུན་པ་དང་ས་གནས་བོད་རིགས་མི་མང་གིས་ཕེབས་བསུའི་སེར་འཕྲེང་བསྒྲིགས་མེད་པ་དང་། ཕྱོགས་འདྲ་མིན་ནས་འདོད་པ་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་སྟབས། བླ་བྲང་དགོན་པའི་གཟིགས་སྐོར་གྲུབ་མ་ཐག ཀླུ་ཆུ་དང་རྨ་ཆུ་རྫོང་སོགས་སུ་ཕེབས་དགོས་བྱུང་ཡོད་ཀྱང་། ས་གནས་དེ་དག་ནས་མི་མང་གི་ཕེབས་བསུ་དང་ངོས་ལེན་ཡག་པོ་མ་བྱས་སྟབས། གཟིགས་སྐོར་དེ་མགྱོགས་པོ་མཇུག་བསྡུས་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོ་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུར་དངོས་སུ་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་དགོན་བདག་ཏུ་ཁྲི་འདོན་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་དབྱིན་ཇའི་རའོ་ཊིར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། མཛད་སྒོ་དེའི་སྟེང་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ་ཟེར་བས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་བླ་མའི་ཡང་སྲིད་ངོ་མ་མིན་པར། རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་བླ་མ་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོ་མ་ཡིན་པ་དང་། ཁོའི་རེ་བར་པཎ་ཆེན་རྒྱལ་མཚན་ནོར་བུས་མེས་རྒྱལ་གོང་བུ་ཆིག་གྱུར་གྱི་འགན་སྲུང་ལ་དམར་ཤོག་ཚོགས་པ་དང་མཉམ་དུ་མདུན་སྐྱོད་བྱེད་པའི་ཡིད་ཆེས་དང་། སྐྱབས་བཅོལ་དུ་ཡོད་པའི་ཏཱ་ལའི་བླ་མ་དང་ཁ་བྲལ་རིགས་ལུགས་པར་དོགས་ཟོན་དགོས་སྐོར་དང་། ནང་བསྟན་ཆོས་ལུགས་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དར་འཕེལ་བྱུང་བ་ཞིག་ཡིན་སྟབས། ནང་པ་བ་ཚང་མས་ཆོས་ལུགས་ཀྱི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་ལུགས་སོགས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༨ ནང་རྒྱ་ནག་གཞུང་གིས་ཁོང་ལ་ཆེད་དུ་གཞིས་ཀ་རྩེའི་བདེ་ཆེན་སྐལ་བཟང་ཕོ་བྲང་ནང་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཅུག་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་བཀོད་སྒྲིག་འོག་བོད་ཁུལ་གྱི་ས་ཆ་སོ་སོ་ནས་གྲྭ་བཙུན་ ༥༠༠༠ ལྷག་ཅིག་བཅས་ཁྱོན་སྐྱ་སེར་འབུམ་གཅིག་ལྷག་བསྡུས་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་དེ་ནི་འདས་པའི་ལོ་ངོ་ ༦༠ རིང་བོད་ནང་དུ་བྱུང་མ་མྱོང་བའི་དུས་དབང་གི་འདུ་འཛོམས་ཆེ་ཤོས་ཐོག་མ་དེ་རེད་ཅེས་བརྒྱུད་ལམ་ཁག་ཏུ་བསྒྲགས་པ་མ་ཟད།  དུས་དབང་གྲོལ་རྗེས་སུ་ཕྱོགས་ཡོངས་ཀྱི་རྒན་རྒོན་ཁག་ཅིག་ལ་སྐད་ཆ་དྲིས་ཏེ། རྒྱལ་མཚན་ནོར་བུ་ལགས་ལ་དད་འདུན་མཚོན་ཐབས་ཀྱི་འཁྲབ་སྟོན་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༠༦

Leave a Reply

2 thoughts on “ཁ་བྲལ་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་བྱ་རྒྱུའི་རེ་བ་ཡོད།

  1. ཧ རྒྱ་དམར་དེ་སྙིང་རྗེ་བ་ལ་ ཨ། ཁོ་རང་ཚོའི་ངོས་འཛིན་བྱེད། ཁོ་རང་ཚོའི་བཀོད་ཤག་བྱེད། ཆབ་སྲིད་ཀྱི་ལང་ཕྱོགས་བརྟེན་པོ་བཙུགས་ཏེ་ མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བའི་རེ་བ་ ཧ 👌 😂 😂 😂