ཚོང་ལས་ལ་སྤྱང་པོ་བྱེད་དགོས་ཀྱང་དེ་ལས་ཀྱང་དྲང་པོ་བྱེད་རྒྱུ་གལ་ཆེ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཟང་སྤྱོད་ཀྱི་སློབ་སྦྱོང་མེད་པའི་རྐྱེན་གྱིས་དེང་སྐབས་གོ་ལ་ཡོངས་སུ་རྙོག་དྲ་བཟོ་མཁན་ཤུགས་ཆེ་བ་སློབ་སྦྱོང་ཡག་པོ་ཡོད་མཁན་ཤ་སྟག་ཆགས་ཡོད་པས་ནང་སེམས་ཀྱི་ཤེས་ཡོན་སློབ་སྦྱོང་གལ་ཆེན་ཡིན་སྐོར་གསུངས་འདུགཁ་སང་ཕྱི་ཚེས་ ༦ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་དང་ཝེ་ཐི་ནམ། ཨུ་རུ་སུ་བཅས་ཀྱི་ཚོང་ལས་མགོ་འཁྲིད་དང་། ཆེད་ལས་པ་མི་གྲངས་ ༩༨ ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོ་ཚང་མ་ལས་རིགས་ཀྱི་ངོ་བོ་འདྲ་མིན་ནས་ཡིན་རུང་ཚང་མ་འགྲོ་བ་མིའི་རིགས་ཡིན་པའི་ཆ་ནས་གཞན་ཕན་གྱི་བྱ་བ་གང་ཐུབ་སྒྲུབ་དགོས་སྐོར་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མི་ཚེའི་སྙིང་པོའི་སྐོར་ལ་བཀའ་སློབ་གནང་སྐབས། མི་ཚེའི་དོན་དམ་པའི་དགོས་དམིགས་གཙོ་བོ་ནི་གཞན་ལ་ཞབས་འདེགས་གང་ཐུབ་བསྒྲུབ་རྒྱུ་དེ་ཡིན། ངོས་ཀྱིས་ཉིན་རེའི་ཉམས་ལེན་ནང་ལུས་ངག་ཡིད་གསུམ་གཞན་གྱི་བདེ་སྡུག་གི་ཆེད་དུ་བློས་གཏོང་བྱེད་ཀྱི་ཡོད། ཆོས་ཀྱི་དོན་ངོ་མ་དེ་རེད་ལ། རྒྱ་གར་གནའ་རབས་ཀྱི་ལེགས་བཤད་འཚེ་བ་མེད་པ་དང་སྙིང་རྗེ་ཡང་དེ་རེད།  ངོས་རང་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་སྦྱོང་མཁན་སློབ་མ་ཞིག་ཡིན། ཆུང་བྱིས་པའི་སྐབས་ནས་བཟུང་ངོས་ཀྱིས་རྒྱ་གར་གྱི་དཔལ་ནཱ་ལེནྜ་ནས་བོད་ལ་དར་བའི་ནང་པའི་གཞུང་གི་རྩ་བ་དེ་དག་བློར་བཟུང་བ་ཡིན། དེ་ནས་གཞུང་གི་རྩ་བ་ཚིག་འབྲུ་རེ་རེ་བཞིན་རིགས་ལམ་ཐོག་ནས་འགྲེལ་བཤད་བརྒྱབས་ནས་སྦྱངས་པ་ཡིན། ཞེས་གསུངས།

རྒྱ་གར་བ་རྣམས་ཀྱིས་རྒྱ་གར་གྱི་གནའ་རབས་ལེགས་བཤད་ཚད་མ་རིག་པ་སྦྱོང་དགོས་པའི་སྐོར་ལ་༧གོང་ས་མཆོག་གིས། ངོས་ཀྱིས་རྒྱ་གར་གྲོགས་པོ་ཚོར་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཞིག་ལ། ཁྱེད་ཚོས་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ཚད་མ་རིག་པ་སྦྱོངས་རོགས། དེ་ནི་དངོས་གནས་ཧ་ལས་པ་རེད། ངོས་རང་དཔལ་ནཱ་ལེནྜའི་ལེགས་བཤད་སྦྱོང་མཁན་སློབ་མ་ཞིག་ཡིན་པའི་ངོས་ནས་བཤད་ན། སེམས་ཞི་ཞིང་འདུལ་བ་ཡོང་བར་དཔལ་ནཱ་ལེནྜའི་ལེགས་བཤད་དེ་དག་དངོས་གནས་དྲང་གནས་ཕན་ཐོགས་ཡོད་པ་དང་། རྒྱ་གར་བ་ཚོས་རང་གི་གནའ་རབས་ཀྱི་ལེགས་བཤད་དེ་དག་བསྐྱར་གསོ་གནང་ཐུབ་པ་བྱེད་དགོས་པ་དང་།  རྒྱ་གར་གནའ་རབས་ཀྱི་ལེགས་བཤད་སེམས་ཁམས་རིག་པ་ནི་སློབ་སྦྱོང་གི་སྡེ་ཚན་ཁོངས་སུ་འཇོག་དགོས། རྒྱ་གར་གྱིས་རང་གི་གནའ་རབས་ཀྱི་ལེགས་བཤད་དང་དེང་རབས་ཤེས་ཡོན་ཟུང་འབྲེལ་བྱེད་ཐུབ་པ་རེད་དེ།  རྒྱལ་ཁབ་གཞན་གྱིས་དེ་ལྟར་བྱེད་ཐུབ་རྒྱུ་ཁག་པོ་རེད། ཅེས་གསུངས་ཡོད་པ་རེད།

གཞན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཝེ་ཐི་ནམ་དང་ཨུ་རུ་སུ་གཉིས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ནས་འབྲེལ་བ་ཡོད་སྟབས། དཔལ་ནཱ་ལེནྜའི་རིག་གནས་ཐོག་སྦྱོང་བརྩོན་གནང་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་པར་དུ་ནང་སེམས་ཀྱི་བདེ་སྐྱིད་དང་ཚོར་བའི་སྐོར་ལ་སློབ་སྦྱོང་གནང་གལ་ཆེན་པོ་ཡིན་པ་མ་ཟད། དེ་དག་ཇི་ལྟར་ཚན་རིག་དང་མཐུན་པའི་ཐོག་ནས་བརྟག་དཔྱད་དགོས་སྐོར་དང་། དེང་སྐབས་གོ་ལ་ཡོངས་སུ་རྙོག་དྲ་བཟོ་མཁན་ཤུགས་ཆེ་བ་སློབ་སྦྱོང་ཡག་པོ་ཡོད་མཁན་ཤ་སྟག་ཆགས་ཡོད་པ་དང་། དེ་ནི་ཁོང་ཚོར་ནང་སེམས་དང་བཟང་སྤྱོད་ཀྱི་སློབ་སྦྱོང་མེད་པའི་རྐྱེན་གྱིས་དེ་ལྟར་ཡོང་གི་ཡོད་པ་ལྟར། དེང་སྐབས་དགོན་པ་དང་ཆོས་ཀྱི་སློབ་སྦྱོང་ཐོག་ནས་མིན་པར་ང་ཚོའི་ཤེས་ཡོན་སློབ་གསོའི་ནང་བཟང་སྤྱོད་ཀྱི་སློབ་ཚན་ངེས་པར་འཇོག་དགོས་གལ་ཆེ་སྐོར་སོགས་གསུངས་སོང་།

མཇུག་ཏུ་མཇལ་བཅར་བ་ཚོས་དྲི་བ་དྲིས་ལན་གནང་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚོང་གི་ལས་རིགས་ནང་གྲུང་པོ་གནང་རྒྱུ་གལ་ཆེན་པོ་ཡིན་ཡང་།  དྲང་པོ་གནང་རྒྱུ་དེ་བས་ཀྱང་གལ་ཆེ་བ་མ་ཟད། དྲང་པོ་གནང་བ་ཡིན་ན་མི་གཞན་གྱིས་རང་ལ་ཡིད་ཆེས་དང་མཛའ་གྲོགས་ཇེ་མང་དུ་འགྲོ་ངེས་ཡིན་སྐོར་དང་། རྣོ་ངར་ལྡན་པའི་ཐག་གཅོད་རིགས་ཤིག་གིས་ཚོང་དོན་ལམ་ལྷོང་འབྱུང་སྲིད་ཀྱང་། དྲང་བདེན་ཡོད་ཚེ་མིའི་ཡིད་ཆེས་སླེབ་རྒྱུ་ཡིན་སྟབས་དྲང་བདེན་ནི་ཚོང་ལས་ཀྱི་གཞི་རྩ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༠༧

Leave a Reply