ཉིན་གྲངས་བཞིའི་རིང་གི་བཀའ་ཁྲིད་དབུ་འཛུགས་མཛད།

༧གོང་ས་མཆོག་གིས་དེ་རིང་ཁ་སང་རྒྱ་གར་ལྷོ་ཕྱོགས་སུ་སོག་པོའི་གྲྭ་རྒྱུན་བརྒྱ་ཕྲག་ཁ་ཤས་ཤིག་ཡོད་པ་དེ་རྣམས་མ་འོངས་པར་ཏན་ཏན་བསྟན་པ་ལ་ཕན་ཐོགས་བྱེད་མཁན་གྱི་མི་ཆགས་བསྡད་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉིན་གྲངས་བཞིའི་རིང་གི་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་བཀའ་ཆོས་ཐོག་ཨུ་རུ་སུའི་དད་ལྡན་སེར་སྐྱ་མི་མང་ ༡༡༠༠ གཙོ་བོར་གྱུར་བའི་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༦༣ ཙམ་ནས་ཁྱོན་དད་ལྡན་དོན་གཉེར་ཅན་བ་ ༨༠༠༠ ལྷག་འཛོམས་འདུག

བཀའ་ཆོས་དབུ་འཛུགས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་གཙོ་བོ་ཨུ་རུ་སུའི་ཁོངས་ཀྱི་སོག་རིགས་དེ་སྔ་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་ཞུགས་མཁན་ཡིན་པ་དང་། བོད་གངས་ཅན་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་བསྡད་མཁན་ཁྱེད་རང་ཚོ་གཙོ་བོར་གྱུར་བའི་ནམ་རྒྱུན་ངོ་ཤེས་བསྡད་པའི་ཆོས་གྲོགས་ཚོ་དང་། ཀོ་རི་ཡ་དང་རྒྱ་ནག་ནས་ཕེབས་པའི་ཆོས་གྲོགས་ཚོ། དེ་བཞིན་བོད་རིགས་ཚོ་ཚང་མ་འདིར་འཛོམས་གནང་ཡོད་པ་དང་། ང་རང་ཚོ་ཚང་མ་ནམ་རྒྱུན་ནས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་འདིར་འདུས་ཡོད་པ་རེད། ཅེས་དང་།  ཉེ་བའི་ལོ་ཤས་ཤིག་ནས་ཁལ་མིག་དང་ཐུ་བ། བྷུར་ཡ་ཏི་ཡ་(Buryatia)ནས་ནང་པ་མང་པོ་ཞིག་གིས་དང་ཐོག་ལྡི་ལི་ནས་བཀའ་ཆོས་ཞུ་རྒྱུ་དང་། དེའི་རྗེས་འགྲོ་སོང་སོགས་ཀྱི་དཀའ་ངལ་ཡོད་སྟབས་ལོ་ཤས་ནས་ཡུ་རོབ་རྒྱལ་ཁབ་ལཱ་ཊི་ཝིའི་(Latvia)གྲོང་ཁྱེར་རི་གྷའི་(Riga)ནང་བཀའ་ཆོས་གསུང་རྒྱུ་བྱས་ན་ཡང་། ཁྱེད་རང་ཚོར་སྟབས་བདེ་བོ་ཡོད་ཀྱང་ངོས་རང་གནམ་གྲུའི་ནང་ཆུ་ཚོད་ ༨ ལྷག་རིང་འགྲོ་དགོས་པས་ཁག་པོ་འདུག དེར་བརྟེན་ཐེངས་འདིར་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བཀའ་ཆོས་གསུང་རྒྱུ་བྱས་ཡོད་ཀྱང་བར་སྐབས་ང་ལ་གཟུགས་གཞི་མི་བདེ་བ་བྱུང་ནས་གང་འཚམ་འགྲོ་སོང་བ་དང་། སྨན་ཁང་ལ་སོང་ནས་སྨན་བཅོས་སོགས་ཏོག་ཙམ་ཛ་དྲག་ངང་བྱེད་དགོས་བྱུང་། དེ་ནས་དྷ་རམ་ས་ལར་ཡར་བསླེབས་པ་དང་བསྐྱར་དུ་མར་ལྡི་ལིར་འགྲོ་མི་དགོས་པར་འདི་ག་རང་ནས་བྱས་ན་བསམ་པ་ཡིན་ལ། ཁྱེད་རང་ཚོ་གསུང་ཆོས་ལ་བཅར་མཁན་ཚོར་བརྡབ་གསིག་ཅུང་ཙམ་བྱུང་ཡོད་ན་ཡང་། ལྡི་ལིར་དེང་སང་ཚ་བ་ཞེ་དྲག་ཡོད་པ་དང་མཁའ་རླུང་ཡང་བཙོག་པ་ཡོད་པ་རེད། འདིར་དྷ་རམ་ས་ལར་མཁའ་རླུང་སོགས་ཧ་ཅང་ཡག་པོ་ཡོད་པས་ཁྱེད་རང་ཚོ་སྐྱིད་པོ་ཡོང་བའི་རེ་བ་ཡོད། ཅེས་གསུངས་སོང་།
ཡང་༧གོང་ས་མཆོག་གིས། སངས་རྒྱས་ཀྱི་མདོ་གཅིག་གི་ནང་ངའི་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་གསུངས་ཡོད་པ་རེད། སྔ་མོ་བོད་ལ་ང་ཚོས་གོ་བ་ལེན་སྟངས་དེ་རྒྱ་གར་གྱི་བྱང་ལ་བོད་དང་དེའི་བྱང་དེ་སོག་པོ་ཐེ་བའི་ཨུ་རུ་སའི་ཁོངས་གཏོགས་ཀྱི་སོག་པོ་དེ་དག་ཚང་མར་གོ་བསྡད་ཡོད་པ་རེད། ཕལ་ཆེར་དངོས་ཡོད་གནས་སྟངས་ལ་དེ་བདེན་པ་ཆགས་ཡོད་པ་རེད། དང་པོ་ནང་ཆོས་དེ་རྒྱ་གར་ནས་བོད་ལ་དར་བ་དང་རྩ་བའི་བོད་ལ་མ་དར་སྔོན་ལ་རྒྱ་ནག་ལ་དར། དེ་ནས་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་བཟའ་དང་གཉེན་འབྲེལ་གནང་ནས་ལྷ་སའི་ཇོ་བོ་དེ་རྒྱ་ནག་ནས་བོད་ལ་གདན་འདྲེན་བྱས་པ་དང་། དེ་ནས་དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་ཀྱི་ཆོས་དེ་ཐད་གར་རྒྱ་གར་ནས་ཚུར་ལེན་རྒྱུའི་དགོངས་པ་བཞེས་པ་དང་། དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་ཁོང་གདན་ཞུ་གནང་ནས་ཁོང་གིས་བོད་ལ་ནཱ་ལེནྡྲའི་ཆོས་བརྒྱུད་འགྲོ་སྟངས་སྲོལ་བཙུགས་པ་རེད། ནཱ་ལེནྡྲའི་ཆོས་བརྒྱུད་བྱང་ནས་བྱང་དུ་དར་ཟེར་བ་ལྟར་བོད་ལ་ཞེ་དྲག་དར་བ་རེད། ཅེས་གསུངས་སོང་།

ནང་པ་སངས་རྒྱས་པའི་ཆོས་ལ་པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཡོད་པ་ལས་པཱ་ལི་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཡིན་པའི་སྐོར་ལ་ཁོང་གིས། སངས་རྒྱས་ཀྱི་ཆོས་ལ་པཱ་ལིའི་ཆོས་བརྒྱུད་ཅིག་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཅིག་བཅས་གཉིས་ཡོད་པ་རེད། པཱ་ལིའི་ཆོས་བརྒྱུད་དེ་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་བསྡད་ཡོད་པ་རེད། དེ་རིང་ཁ་སང་འཛམ་གླིང་གི་ཡུལ་གྲུ་ཚང་མའི་ནང་པཱ་ལིའི་གཞུང་ནས་གསུང་པའི་སྡེ་སྣོད་གསུམ་གྱི་བསླབ་བྱ་དང་། འདུལ་བའི་སྡེ་སྣོད་དེ་དག་ཕལ་ཆེ་བ་གཅིག་གྱུར་ཆགས་བསྡད་ཡོད་པ་རེད། སྡེ་བ་མི་འདྲ་བ་དེ་འདྲའི་ཐོག་ནས་ཁ་ཤས་ཀྱིས་མདོ་དེ་པཱ་ལིའི་ཐོག་ནས་དང་ཁ་ཤས་ཀྱིས་ལེགས་སྦྱར་གྱི་ཐོག་ནས་གསུང་པ་སོགས་མི་འདྲ་བའི་རྐྱེན་གྱིས་སྟོང་ཉིད་གྲངས་འདྲེན་ཕྲན་པུ་རྒྱས་བསྡུས་ཡོད་བསྡད་པ་མ་གཏོགས་གཞན་ཚང་མ་གཅིག་པ་རང་རེད། དེ་འདྲ་སོང་ཙང་འཛམ་བུ་གླིང་འདིའི་ཐོག་ནང་པའི་ཆོས་གཅིག་གྱུར་གྱི་གཞི་མ་དེ་པཱ་ལིའི་གཞུང་དེ་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་པཱ་ལིའི་གཞུང་ནང་གསུང་ཡོད་པའི་འདུལ་བའི་འགྲོ་སྟངས་དེ་དག་རེད། དེ་ཞེ་དྲག་གལ་ཆེན་པོ་རེད་ལ་སངས་རྒྱས་ཀྱི་ཆོས་ཀྱི་རྨང་གཞི་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

དེ་ནས་ལེགས་སྦྱར་གྱི་ཆོས་དེ་ནཱ་ལེནྡྲའི་མཁས་པའི་ལྟེ་གནས་ཤིག་ཆགས་བསྡད་ཡོད་པ་དང་། དེ་ཡིན་སྟབས་ཚད་མ་རིག་པར་དང་དོད་བྱ་རྒྱུ་དང་ཚད་མ་རིག་པར་དང་དོན་བྱས་ཏེ་ཡོང་དུས་སེམས་འདུལ་དགོས་པ་དེ་ག་འདྲ་ཞིག་ཡིན་པ་དང་དེ་མ་འདུལ་བ་བྱེད་མཁན་དེ་ག་འདྲ་ཞིག་རེད་འདུག སེམས་ཀྱི་འགལ་ཟླའི་གཉེན་པོ་ག་འདྲ་རེད། དེ་དག་ཞིབ་ཚགས་པོའི་ངང་ནས་སེམས་ཁམས་རིག་པར་འགྲེལ་བཤད་རྒྱག་གི་ཡོད་པ་རེད། དེ་ལྟར་ཚད་མ་རིག་པའི་ངོས་ནས་བརྟག་དཔྱད་བྱས་ཡོང་དུས་སེམས་མ་འདུལ་བ་དེ་འདུལ་བ་བྱེད་དགོས་པ་ལས། དེ་ལས་ལོགས་སུ་སྨོན་ལམ་བརྒྱབ་པ་ཙམ་གྱིས་སེམས་འདུལ་བ་ཡོང་ཡ་མེད་དུས། སེམས་ཁམས་རིག་པ་དེ་རྒྱས་པ་ཞེ་དྲག་བྱུང་ཡོད་པ་རེད། དེ་ནས་སེམས་འདུལ་ཐུབ་ཀྱི་ཡོད་དང་མེད་དེ་ལྟ་བའི་ཐོག་ལ་ཐུག་བསྡད་ཡོད་སྟབས། གཙོ་བོ་དེ་ལྟ་བའི་ཐོག་ལ་རྒྱ་གར་ནང་བྱེད་བྲག་སྨྲ་བ་དང་མདོ་སྡེ་སྨྲ་བ།  སེམས་ཙམ་པ། དབུ་མ་བ་བཅས་བཞི་བྱུང་ཡོད་པ་དང་། དེ་དག་གིས་བདག་མེད་ཕྲ་རག་གསུང་གི་ཡོད་པས་སེམས་མ་འདུལ་བ་བྱེད་མཁན་གྱི་བདག་ཏུ་འཛིན་པ་སྔོན་ལ་ངོས་འཛིན་དང་། བདག་ཏུ་འཛིན་པ་སེལ་རྒྱུར་བདག་མེད་པའི་ལྟ་བ་དགོས་པ་དེ་ཐོན་ཡོང་གི་ཡོད་པ་རེད། དེ་ནས་ལྟ་བ་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད། ཆོས་ཀྱི་བདག་མེད་ལའང་གཟུང་འཛིན་གཉིས་སྟོང་གི་ཆོས་ཀྱི་བདག་མེད་དང་། བདེན་མཐོང་གི་ཆོས་ཀྱི་བདག་མེད་བཅས། གཙོ་བོ་སེམས་མ་དུལ་བར་བྱེད་མཁན་ཉོན་མོངས་དང་། གཙོ་བོ་བདེན་འཛིན་གྱིས་བྱེད་ཀྱི་ཡོད་སྟབས། དེ་ཡི་གཉེན་པོ་དེ་དག་ཧ་ཅང་ཞིབ་ཚགས་པོ་གསུངས་ཡོད་པ་དང་། དེ་རིང་ཁ་སང་བལྟས་ཡོང་དུས་དེ་དག་ཚན་རིག་དང་མཐུན་པ་རེད་འདུག་ལ། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་ཟེར་བ་དེ་སེམས་ཙམ་པའི་ཕྱི་དོན་འགོག་པ་དང་། དབུ་མ་པས་ཆོས་ཐམས་ཅད་མིང་བརྡས་བཞག་ཙམ་ཟེར་བ་དང་ཏག་ཏག་འགྲོ་གི་འདུག  དེང་སྐབས་ཚད་རྡུལ་དངོས་ཁམས་ཚན་རིག་ལ་དོ་སྣང་ཆེན་པོ་ཡོད་མཁན་ཚོས་ཉམས་མྱོང་གི་ཐོག་ནས་ག་ལེར་ཆོས་གང་དང་གང་ཡིན་ནའང་། ང་ཚོར་སྣང་བ་ལྟར་དུ་གྲུབ་མེད་ཅེས་པའི་ལྟ་ཚུལ་དེས་ཆོས་དེ་དང་དེ་མཐོང་སྐབས་ཆགས་སྡང་གི་ཡུལ་མཐོང་སྐབས། ཡུལ་ལ་ཨ་འཐས་ཀྱི་འཛིན་པ་ཞུགས་པ་དེ་ཉུང་བ་འདུག་ཅེས་བརྗོད་ཀྱི་འདུག དེ་ནི་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་གཏན་ལ་ཕབ་ནས་གསུངས་པ་དེ་ཏག་ཏག་ར་འཕྲོད་ཡོང་གི་ཡོད། ཅེས་གསུངས་སོང་།
ཡང་སོག་པོའི་ནང་མཁས་པའི་དབང་པོ་སྟོང་ཕྲག་མང་པོ་བྱུང་སྟེ་བསྟན་པར་ཞབས་འདེགས་ཞུས་ཡོད་པའི་སྐོར་ལ་༧གོང་ས་མཆོག་གིས། ངའི་བསྟན་པ་བྱང་ནས་བྱང་དུ་དར་ཟེར་བ་ལྟར་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བོད་ལ་ཞེ་དྲག་དར་བ་དང་། དེ་ནས་བོད་ནས་ཆེན་པོ་ཧོར་གྱི་ཡུལ་ལ་དར་བ་དང་། དེང་སང་ཆབ་སྲིད་ཀྱིས་དབྱེ་བ་ཕྱེས་ཡོང་དུས་ནང་སོག་དང་ཕྱི་སོག་ཨུ་རུ་སུའི་ཁོངས་ཀྱི་སོག་པོ་སོགས་ས་ཁུལ་དེ་དག་གི་སོག་རིགས་ཡོད་དོ་ཅོག་ལ་ཁྱབ་བསྡད་པ་ཞིག་དང་། འདས་པའི་ལོ་ཧ་ལམ་སྟོང་ཕྲག་གི་རིང་ལ་ས་ཁུལ་དེ་དག་ནས་མཁས་པའི་དབང་བོ་སྟོང་ཕྲག་མང་པོ་བྱུང་ཡོད་པ་དང་། སངས་རྒྱས་ཀྱི་བསྟན་པ་དང་ལྷག་པར་གཞུང་ཆེན་པོའི་ཐོག་ལ་ལེགས་སྐྱེས་ཕུལ་མྱོང་མཁན་དང་ལེགས་བཤད་བརྩམས་གནང་པ་ཞེ་དྲག་མང་པོ་བྱུང་ཡོད་པ་རེད། དཔེར་ན་ང་རང་གིས་སློབ་གཉེར་བྱེད་པའི་སྐབས་ལ་སོག་པོའི་མཁས་པས་བརྩམས་གནང་པའི་ཕལ་ཕྱིན་སྐོར་དང་དབུ་མའི་སྐོར་སོགས་མང་པོ་ཞིག་ལ་ངས་བལྟས་མྱོང་ལ། དེ་དག་གིས་ཕན་ཐོགས་པོ་ཧ་ཅང་བྱུང་། གཞན་ངའི་མཚན་ཞབས་དེ་དག་གི་ནང་ནས་ང་ལ་དབུ་མའི་ལྟ་བའི་སྐོར་ལ་དོ་སྣང་གསར་པ་ཞིག་བསླེབས་པ་དེ་ནང་སོག་ནས་ཕེབས་པའི་རྒན་དངོས་གྲུབ་ཚོགས་གཉིས་ཡིན། དེ་འདྲ་སོང་ཙང་ང་རང་གི་མི་ཚེའི་ནང་སོག་པོའི་མཁས་དབང་ཚོས་ཕན་ཐོགས་ཆེན་པོ་བྱུང་། དེ་རིང་ཁ་སང་ཡིན་ནའང་རྒྱ་གར་ལྷོ་ཕྱོགས་སུ་སོག་པོའི་གྲྭ་རྒྱུན་བརྒྱ་ཕྲག་ཁ་ཤས་ཤིག་ཡོད་པ་རེད། མ་འོངས་པར་དེ་དག་ཏན་ཏན་བསྟན་པ་ལ་ཕན་ཐོགས་བྱེད་མཁན་གྱི་མི་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

ནང་པ་སངས་རྒྱས་པའི་ཆོས་དེ་རིག་པས་བརྟག་ཅིང་དཔྱད་དགོས་པའི་གཞུང་ཞིག་ཡིན་སྐོར་༧གོང་ས་མཆོག་གིས། སངས་རྒྱས་ཀྱི་བསྟན་པ་དང་ལྷག་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་རིག་པ་ལ་བརྟེན་ནས་འགྲོ་བ་ཞིག་མ་གཏོགས་ལུང་ཙམ་ལ་ཡིད་ཆེས་ཀྱིས་འགྲོ་དགོས་པ་ཞིག་མ་རེད། བཅོན་ལྡན་འདས་ཁོང་རང་ཉིད་ཀྱིས་དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་གསུངས་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་བཀའ་སངས་རྒྱས་ཀྱི་བཀའ་རེད་ཅེས་ཁས་ལེན་དགོས་མ་རེད། བཅོམ་ལྡན་འདས་ཀྱི་བཀའ་ལ་དཔྱད་པ་བྱས་ཏེ་རྒྱབ་བརྟེན་ཚད་མ་ཡིན་མིན་དཔྱད་པ་བྱས་ཏེ། དཔྱད་པའི་དཔྱད་མཐའ་ལ་ཚོད་ལྟ་བྱས་ནས་དོན་དེ་རྒྱུ་མཚན་ལྡན་པ་ཞིག་དང་། ཁ་ཡོད་ལག་ཡོད་ཀྱིས་སེམས་ཅན་ལ་ཕན་གྱི་འདུག་ན་ཁས་ལེན་བྱོས་ཞེས་གསུངས་ཡོད་པ་རེད། འཛམ་གླིང་འདིའི་ནང་དུ་ཆོས་ལུགས་མང་པོ་ཡོད་པ་དང་ཆོས་ལུགས་དེ་དག་ཚང་མས་མི་གྲངས་དུང་ཕྱུར་མང་པོར་ཕན་གྱི་ཡོད་པ་རེད། ཡིན་ན་ཡང་། རང་རང་གི་སྟོན་པ་ལ་ཡིད་ཆེས་བྱས་ཏེ་འགྲོ་བ་ཞིག་མ་གཏོགས་སྟོན་པ་རང་ཉིད་ཀྱིས་གསུང་པ་ལ་བརྟག་དཔྱད་བྱོས་ཟེར་བ་ཧ་ལམ་ནཱ་ལེནྡྲའི་ཆོས་བརྒྱུད་རེད་མ་གཏོགས་ཡོད་པ་མ་རེད། བྱས་ཙང་ནང་པ་སངས་རྒྱས་པའི་ཆོས་དེ་རིག་པ་གཙོ་བོར་འཛིན་པའི་ཆོས་ཞིག་ཡིན་སྟབས། དེ་རིང་ཁ་སང་ཚན་རིག་པ་དང་མཉམ་དུ་གཅིག་གིས་གཅིག་ལ་བློ་སྐྱེད་ལེན་རེས་བྱས་ཏེ་ཕན་ཐོགས་ཞེ་དྲག་འདུག དེ་འདྲ་ཡིན་དུས་ཁྱེད་རང་ཚོར་ལོ་རྒྱུས་ནང་ཡོད་བསྡད་པའི་ཆོས་དེ་དུས་རབས་ ༢༡ པའི་ནང་ཚན་རིག་པ་དང་མཉམ་དུ་ཕན་ཚུན་བགྲོ་གླེང་བྱས་ཏེ་འགྲོ་ཐུབ་པ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

ཨུ་རུ་སུ་ནི་ཨེ་ཤ་ཡ་དང་ཡུ་རོབ་གཉིས་མཐུད་རྒྱག་མཁན་ཞིག་ཆགས་ཡོད་པས་གལ་ཆེན་ཡིན་སྐོར་༧གོང་ས་མཆོག་གིས། དེ་རིང་ཁ་སང་འཛམ་གླིང་འདིའི་སྒང་གནས་ཚུལ་མང་པོ་ཞིག་ལ་འཛམ་གླིང་ཤར་ནུབ་ལྷོ་བྱང་བྱས་ཏེ་དོ་སྣང་བྱེད་མཁན་མང་པོ་ཡོང་གི་ཡོད་པ་རེད། གནས་ཚུལ་ཤེས་མཁན་ཡང་མང་པོ་ཞིག་ཡོང་གི་ཡོད་པའི་ཐོག་ནས་དེ་སྔ་སངས་རྒྱས་པའི་ཆོས་དང་འབྲེལ་བ་མེད་མཁན་གྱི་ཡུལ་གྲུ་ཚོའི་ནང་ལ་ཡིན་ན་ཡང་། དེང་སང་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབ་ཡོང་གི་ཡོད་པ་དང་། གནས་སྟངས་དེ་འདྲའི་འོག་ནས་ཨུ་རུ་སུ་དེ་ས་ཆའི་བབ་ལ་བརྟེན་ནས་ཨེ་ཤ་ཡ་དང་ཡུ་རོབ་གཉིས་མཐུད་རྒྱག་མཁན་ཞིག་རེད་འདུག དེ་འདྲ་ཡིན་སྟབས་ཁྱེད་རང་ཚོ་ཏོག་ཙམ་གནད་འགག་ཆེན་པོ་ཆགས་ཡོད་པ་རེད། དེ་བཞིན་དེང་སང་ཨུ་རུ་སུ་མི་རིགས་དཀར་པོའི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཡོང་གི་ཡོད་པ་དང་། མོ་སི་ཁོ་གཙུག་ལག་སློབ་གྲྭ་སོགས་ནས་ནང་ཆོས་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཡོང་གི་ཡོད་པ་དང་། དཔལ་ནཱ་ལེནྡྲའི་མཁས་དབང་ཚོས་མཛད་པའི་གཞུང་དེ་དག་དང་དེའི་དགོངས་འགྲེལ་ཡང་འགྲེལ་མང་པོ་ཞིག་བོད་དང་སོག་པོའི་མཁས་པ་ཚོས་མཛད་གནང་ཡོད་པ་དང་། རྩ་བའི་དེ་དག་གི་འབྱུང་ཁུངས་ནང་པའི་ཆོས་ནས་ཡོང་གི་ཡོད་ན་ཡང་། བརྗོད་བྱ་དེ་དག་ཤེས་ཡོན་གྱི་སློབ་གྲྭ་དང་ཤེས་ཡོན་སྡེ་ཚན་ཁག་གི་སློབ་ཚན་ནང་བཞག་ནས་སློབ་སྦྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནམ་རྒྱུན་ལྟར་གསུང་ཆོས་རྒྱུན་རིང་པོར་མ་གནང་པར་སྐུ་ངལ་གསོས་སོང་བ་དང་། དེ་ནས་ཡང་སྟེང་རིན་པོ་ཆེ་མཆོག་ནས་མུ་མཐུད་གསུང་ཆོས་དང་། ཉིན་རྒྱབ་ནས་ཆོས་ཞུ་བ་ནང་ཁུལ་བགྲོ་གླེང་གནང་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

 

བསྐྱར་བཅོས།: ༢༠༡༩/༠༥/༡༠

Leave a Reply