ཚར་གཅིག་ཐོས་པ་ཙམ་གྱིས་མི་འགྲིག་པར་བསམ་བློ་གཏོང་རྒྱུ་དཔེ་གལ་ཆེན་པོ་རེད།

དེ་རིང་ཉིན་གྲངས་གསུམ་རིང་གི་བཀའ་ཁྲིད་ཀྱི་ཉིན་མཐའ་མ་དེ་མཇུག་ཏུ་དགེ་བ་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཆོག་སྐབས། ༧གོང་ས་མཆོག་གིས་སྔོན་བྱོན་ལོ་ཙཱ་བ་ཚོས་མཁན་ཆེན་ཞི་བ་འཚོའི་བཀའ་སློབ་གཞིར་བཟུང་གིས་བཀའ་འགྱུར་བསྟན་འགྱུར་བོད་སྐད་ནང་དུ་པུ་ཏི་སུམ་བརྒྱ་ལྷག་བསྒྱུར་ཡོད་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་དང་། ང་ཚོའི་སློབ་དེབ་ཡིན་སྐོར་གསུངས་སོང་།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་རྒྱལ་ཁབ་ ༦༧ ལྷག་ནས་ཕེབས་པའི་དད་ལྡན་དོན་གཉེར་ཅན་ ༨༠༠༠ བརྒལ་བར་བཀའ་སློབ་ལམ་སྟོན་བསྩལ་སྐབས། ང་རང་ཚོའི་རྣམ་པར་ཤེས་པའི་སེམས་རྒྱུད་འདིའི་གཏིང་ནས་སྐྱོན་གྱི་རིགས་མཐའ་དག་ཟད་དེ་རྟོགས་པའི་རིགས་མཐའ་དག་མཐར་ཕྱིན་པ་ཞིག་ནི་བླ་མའི་བྱང་ཆུབ་ཟེར་བ་སྟེ། ང་ཚོ་རྣམ་པར་ཤེས་པ་ཡོད་བསྡད་མཁན་ཚོའི་སྒྲུབ་བྱ་མཐར་ཐུག་དེ་ཆགས་བསྡད་ཡོད་པ་རེད། ཤེས་སོང་ངམ། སེམས་གསལ་རིག་གི་ནུས་པ་ཆ་ཚང་ཡར་རྫོགས་བསྡད་པ་ཞིག་ལ་བླ་མའི་བྱང་ཆུབ་ཟེར་བ་དེ་ཆགས་ཀྱི་ཡོད་པ་རེད། དེ་སྒྲུབ་བྱ་མཐར་ཐུག་རེད། སྒྲུབ་བྱ་མཐར་ཐུག་དེ་བསྒྲུབ་པའི་སྒྲུབ་བྱེད་མཐར་ཐུག་ནི་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཆགས་བསྡད་ཡོད་པ་རེད། ཆོས་དང་བྱ་བ་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་རང་གི་རྣམ་མཁྱེན་དོན་དུ་གཉེར་བའི་འདུན་པ་གཉིས་ལྡན་གྱི་བློ་དེ་རྣམ་མཁྱེན་སྒྲུབ་པའི་ཐབས་ཡག་ཤོས་དེ་ཆགས་བསྡད་ཡོད་པ་རེད། ཅེས་དང་། ང་ཚོ་བདེ་སྐྱིད་འདོད་མཁན་ཚོའི་སྒྲུབ་བྱ་མངོན་མཐོ་དང་ངེས་ལེགས། ཐམས་ཅད་མཁྱེན་པའི་གོ་འཕང་བཅས་ཚང་མ་བྱང་ཆུབ་ཀྱི་སེམས་ཀྱིས་སྒྲུབ་ཡོང་གི་ཡོད་པ་དང་། དེ་ལྟ་བུའི་ཕན་ཡོན་ཅན་ཞིག་བཅོམ་ལྡན་འདས་བྱུང་བ་ནས་ད་ལྟའི་བར་དུ་བསྟན་པ་འདིའི་དབང་དུ་བྱས་པ་ཡིན་ནའང་། བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན་རྣམ་དཔྱོད་ཅན་ཚང་མས་ལམ་འདི་ལ་བསླབས་ནས་ཕེབས་ཡོད། སྔོན་བྱོན་མཁས་པའི་དབང་པོ་རྣམས་ཀྱིས་དབུ་མཁྲེགས་པོ་བྱས་ནས་བཞུགས་པ་དེ་དཔེ་གཟི་བརྗིད་ཡིན་པ་དང་། ང་ཚོ་རྗེས་འཇུག་པ་རྣམས་ཀྱིས་གཞུང་དེ་ཚོར་བལྟས་ནས་བསམ་བློ་བཏང་བ་ཡིན་ན། དཔེ་ཆ་དེ་ཚོའི་གྲས་དེ་ཆོས་ཚན་ཀློག་པ་འདྲ་བོ་བྱས་ནས་ཕྱིན་པ་ཡིན་ན། དཔེར་ན་ཤེས་རབ་སྙིང་པོ་སྟོང་ཕྲག་དང་ཁྲི་ཕྲག འབུམ་ཕྲག་བསགས་པ་ཡིན་ནའང་འཆར་ཅན་འཆར་ཅན་ཞིག་རེད། གཞུང་དེ་ཚོའི་གྲས་དེ་ཚར་རེ་རེ་ཀློག་པ་ཡིན་ནའང་བློ་བསྐྱེད་གསར་པ་ཡོང་གི་ཡོད་པས་ཞེ་དྲག་གལ་ཆེན་པོ་རེད། སྔོན་བྱོན་ལོ་ཙཱ་བ་ཚོས་མཁན་ཆེན་ཞི་བ་འཚོའི་བཀའ་སློབ་གཞིར་བཟུང་གིས་བཀའ་འགྱུར་བསྟན་འགྱུར་བོད་སྐད་ནང་དུ་པུ་ཏི་སུམ་བརྒྱ་ལྷག་བསྒྱུར་ཡོད་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་སྟབས། ང་ཚོའི་སློབ་དེབ་ཡིན་སྐོར་གསུངས་སོང་།ཡང་༧གོང་ས་མཆོག་གིས་དོན་དམ་གྱི་བདེ་སྐྱིད་སྒྲུབ་ཐབས་སྐོར་ལ་བཀའ་སློབ་གནང་སྐབས། སྤྱོད་འཇུག་ནང་དུ་འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། ཞེས་གསུངས་པ་དེ་བདེན་པ་རེད། སོ་སོ་གཅིག་པུར་བསམ་བློ་བཏང་བསྡད་པ་དེ་ཡིས་འཛམ་བུ་གླིང་འདིའི་སྒང་ལ་རྙོག་དྲ་མང་པོ་ཞིག་ཡོང་གི་འདུག་གཱ། དེ་ད་ལྟ་ང་ཚོས་དངོས་སུ་མཐོང་བསྡད་པ་དེ་རང་རེད། བདེ་སྐྱིད་ཟེར་བ་ཚང་མ་གཞན་ཕན་གྱི་བློ་དེ་ལ་བརྟེན་ནས་ཡོང་གི་འདུག་གཱ། ཡང་སྤྱོད་འཇུག་གི་ཚིག་གཅིག་སྡོམ་ཆེན་པོ་རེད། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བར་ནམ་ཡང་བདེ་བ་མེད།། ཅེས་པ་དེ་རེད། རང་ལས་གཞན་གཅེས་པར་འཛིན་པའི་བློ་ཡག་པོ་གོམས་ནས་ཉམས་ལེན་ཡག་པོ་ཞིག་མ་བྱུང་ན། སོ་སོ་རང་ཉིད་ལ་ཆ་བཞག་ནའང་། མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་བདེ་ལེགས་ངང་ཐོབ་ཐུབ་པ་དེ་ཕར་ཞོག འཕྲལ་སེལ་འཛམ་བུ་གླིང་འདིའི་སྒང་ལའང་རྙོག་དྲ་ཞེ་དྲག་ཡོང་བསྡད་ཀྱི་འདུག དེ་འདྲ་ཡིན་དུས། ད་རེས་ང་ཚོར་མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་ཡོད་དུས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་པ་དེ་གཙོ་བོ་རེད། ང་ལ་ཆ་བཞག་ན། སེམས་བསྐྱེད་འབོགས་མཁན་གྱི་བླ་མ་དེ་ཆགས་བསྡད་ཡོད་པ་རེད། བླ་མའི་ངོས་ནས་ཆ་བཞག་ན་ཕལ་ཆེར་ངོས་རང་ལོ་བཅུ་གཉིས་བཅུ་གསུམ་ཙམ་ནས་སྟོང་ཉིད་ཀྱི་ལྟ་བར་དམིགས་བསལ་དོ་སྣང་བྱས་པ་རེད། དེ་གཙོ་བོ་དངོས་གྲུབ་ཚོགས་གཉིས་ཀྱི་བཀའ་དྲིན་རེད། ངོས་ནས་སྟོང་ཉིད་ཀྱི་ལྟ་བར་དོ་སྣང་འདྲ་པོ་བྱས་པ་རེད་དེ་སྐབས་དེར་བྱང་ཆུབ་ཀྱི་སེམས་ཞེས་ལབ་དུས་དེ་ཁག་པོ་ཞེ་དྲག་རེད་དྲན་གྱི་ཡོད། དེ་ནས་རྒྱ་གར་ལ་བསླེབས་ནས་སྤྱོད་འཇུག་ཞུས་པ་དང་། ག་ལེར་བསམ་བློ་ཞིག་གཏོང་ཡོང་དུས་བདག་ལས་གཞན་གཅེས་པའི་བློ་ཟེར་བ་དེ་སེམས་ནང་ལ་བདེ་བོ་ཞེ་དྲག་སླེབ་ཀྱི་འདུག ད་ཕལ་ཆེར་ལོ་ ༥༠ ཞིག་ཕྱིན་པ་རེད། དེ་ཚོར་ལོ་མང་པོའི་རིང་ལ་བསམ་བློ་བཏང་སྟེ་ཉམས་ལེན་བྱས་ན་བློ་ལ་འགྱུར་བ་འགྲོ་ཡི་ཡོད་སྟབས། ཁྱེད་རང་ཚོ་ཚང་མས་ཚར་གཅིག་ཐོས་ནས་དེས་འགྲིག་སོང་། སྐལ་བ་བཟང་པོ་ཡིན་བསམ་པ་དེ་མིན་པར་མུ་མཐུད་ནས་བསམ་བློ་གཏོང་རྒྱུ་དེ་དཔེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་བའི་ཐོག་བཀོད་པའི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་༧རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

སྐུ་པར་དགའ་ལྡན་ཕོ་བྲང་གི་དྲ་ལས་བླངས།

བསྐྱར་བཅོས།: ༢༠༡༩/༠༥/༡༢

Leave a Reply