ལོ་རེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་དེ་ནི་ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་མི་མང་ལ་ནག་མེད་ཉེས་འཛུགས་བྱེད་ཐབས་ཀྱི་ལས་འགུལ་ཚབས་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་འདུག

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཕྱི་ལོ་ ༢༠༡༨ ལོའི་ལོ་འཁོར་སྙན་ཐོ་བཏོན་ཡོད་པ་དང་། སྙན་ཐོའི་བརྗོད་དོན་སྙིང་བསྡུས་ཞེས་པའི་ནང་ཕྱི་ལོ་ ༢༠༡༨  ཟླ་ ༡ ནས་བཟུང་རྒྱ་ནག་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བའི་ཁྲོད་དུ་ནག་གཤེད་སྟོབས་ཤུགས་དང་ནག་ཚོགས་སྟོབས་ཤུགས་རིགས་རྩ་མེད་བཟོ་རྒྱུ་ཡིན་རབས་བཤད་དེ། རྒྱ་གཞུང་གིས་དུས་ཡུན་རིང་བོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོལ་རོལ་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་ཡོད་པ་དང་།  དྲག་རྡུང་གི་ལས་འགུལ་དེ་དག་ནི་བོད་ནང་ལ་གསར་དུ་སྤེལ་བ་ཞིག་མིན་ནའང་། ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་མི་མང་ལ་ནག་མེད་ཉེས་འཛུགས་བྱེད་ཐབས་ཀྱི་ལས་འགུལ་འདི་ནི་སྔར་མ་བྱུང་བའི་གནས་སྟངས་ཚབས་ཆེན་ཞིག་ཆགས་ཡོད་སྐོར་བཀོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ། འདི་ལོའི་སྙན་ཐོའི་ནང་བོད་ནང་ཛ་དྲག་ཤོས་ཀྱི་གནས་སྟངས་ག་རེ་བྱུང་ཡོད་པ་དང་། སྔར་ལོ་དང་བསྡུར་ན་བོད་ནང་གི་གནས་སྟངས་ག་འདྲ་ཆགས་ཡོད་སྐོར་དྲིས་པར། འདི་ལོར་བོད་ནང་གི་གནས་སྟངས་ཛ་དྲག་ཤོས་དེ་དགོན་སྡེ་ཁག་དང་ཤེས་ཡོན་སློབ་གསོའི་སྡེ་ཁག་ལ་དམ་དྲག་དང་། དེ་བཞིན་ཁོར་ཡུག་གཏོར་བརླག་དང་མི་མང་གི་འཚོ་སྡོད་རང་དབང་གནས་སྟངས་ཛ་དྲག་ཤོས་ཡིན་པ་དང་། གཞན་སྔར་ལོ་དང་བསྡུར་ན་ལོ་རེ་བཞིན་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ལོ་འདིར་སྔོད་ཆད་མེད་པ་ཞིག་ལ་ནག་སེལ་གཤེད་བཅོམ་ཟེར་བ་དེ་ལག་བསྟར་བྱས་ཡོད་ཀྱང་། ལས་འགུལ་འདི་དག་སྔོན་ཆད་བོད་ནང་ལག་བསྟར་མ་བྱས་པ་དེ་འདྲ་མིན་པར་རྡུང་རྡེག་ཚ་ནན་ལས་འགུལ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། རྡུང་རྡེག་ཚ་ནན་ལས་འགུལ་སོགས་མཚམས་རེར་ཟླ་བ་ཁ་ཤས་རིང་སྤེལ་ཡོད་ན་ཡང་། ནག་སེལ་གཤེད་བཅོམ་ཟེར་བ་དེ་བསྟུན་མར་ལོ་གསུམ་རིང་སྤེལ་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

ཡང་མོས་ཐེངས་འདིའི་སྙན་ཐོ་དང་འབྲེལ་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་དོན།  རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཐབས་སུ་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་པ་དང་། བོད་ནང་གསང་ཉུལ་བ་དང་དམག་མི་མང་པོ་འགྲེམས་འཇོག་བྱེད་བཞིན་པ། བོད་མིའི་ཁོར་ཡུག་དང་འཚོ་གནས་རང་དབང་གཙོའི་གདུག་རྩུབ་ཅན་གྱི་ལས་འགུལ་ཁག་མཚམས་འཇོག་དགོས་པ་དང་། དེ་དག་ནི་ཕྱོགས་གཉིས་ལ་གྱོང་རག་ཐབས་ཤིག་ལས་ཕན་ཐོགས་གང་ཡང་མེད་པ་མ་ཟད། བོད་རྒྱའི་གནད་དོན་ཐད་མུ་མཐུད་དཀའ་རྙོག་འཕྲད་པ་ལས་དངོས་ནས་བོད་རྒྱའི་གནད་དོན་རྩ་བ་ཉིད་ནས་སེལ་ཐུབ་ཐབས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

དེ་ཡང་གསར་དུ་བཏོན་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་དེ་ནི་ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་མི་མང་ལ་ནག་མེད་ཉེས་འཛུགས་བྱེད་ཐབས་ཀྱི་ལས་འགུལ་ཚབས་ཆེན་ཞིག་ཆགས་ཡོད་པ་དང་། ལས་འགུལ་དེའི་བོད་མིའི་རིག་གཞུང་རྒྱུན་འཛིན་དར་སྤེལ་གྱི་བྱེད་སྒོ་དང་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་བྱ་འགུལ། གཞན་ཡང་བོད་རིགས་དཀྱུས་མའི་འཚོ་བར་རོགས་སྐྱོར་གྱི་བྱ་འགུལ་རིགས་ཚང་མ་ཁྲིམས་འགལ་ནག་ཉེས་ཀྱི་ངོ་བོར་བསྒྱུར་བ་དང་དུས་མཚུངས་སུ། ལས་འགུལ་འདིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་གཏོང་བཞིན་པ་དེ་ཁྲིམས་མཐུན་གྱི་ངོ་བོར་བཟོས་འདུག རྒྱུ་མཚན་ནི། ཕྱི་ལོ་༢༠༡༢ ཙམ་ནས་རྡུང་རྡེག་ཚ་ནན་ལས་འགུལ་འདིས་དམིགས་འབེན་དུ་བཟུང་བའི་བྱ་འགུལ་རིགས་ཚང་མ་ཁྲིམས་འགལ་བཟོས་ཡོད་པ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་དམག་འཐབ་ཟེར་བ་དེ་ནི་དམར་ཤོག་སྲིད་གཞུང་སྲ་བརྟན་དང་དབང་ཤུགས་ཁྱབ་ཆེར་བཏང་སྟེ། གཞི་རིམ་ཁྲིམས་འཛིན་ཁྱབ་ཁོངས་ཁག་དང་མཉམ་འབྲེལ་བྱེད་ཐབས་ཤིག་ཡིན་པ་དང་། འདས་པའི་ལོ་ངོ་འདི་དག་གི་རིང་ལ་ཞིབ་འཇུག་རྒྱུས་ལོན་བྱས་པ་ལྟར་ན། ལས་འགུལ་དེ་ནི་གོང་རིམ་ནས་གཞི་རིམ་མང་ཚོགས་བར་གྱི་དམར་ཤོག་ཏང་གི་ཆབ་སྲིད་དབང་ཤུགས་སྲ་བརྟན་བཟོ་ཐབས་གྱི་འབད་བརྩོན་ཤུགས་ཆེར་བཏང་སྟེ། བོད་ས་ཡོངས་སུ་སྔར་ལས་ལྷག་པར་དམ་དྲག་དང་དྲག་གནོན་བྱས་ནས་བོད་ཡུལ་ནི་འགྲོ་བ་མིའི་ཐོབ་ཐང་མེད་པའི་མུན་ནག་གི་ལུང་བ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་གསལ་ཡོད། ཅེས་བཀོད་འདུག

ཡང་བོད་ཀྱི་ཁོར་ཡུག་ལ་རྒྱ་ནག་གཞུང་གིས་གང་བྱུང་གཏོར་བརླག་བཏང་སྟེ་ས་གནས་ཡུལ་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་སྐོར་ལ་སྙན་ཐོའི་ནང་། རྒྱ་གཞུང་གི་ཚུལ་མཐུན་མིན་པའི་འཕེལ་རྒྱས་དང་སྲུང་སྐྱོང་སྲིད་ཇུས་ཁག་གི་འོག་ཏུ། བོད་མི་ཚོར་བདེ་ཐང་གི་ཁོར་ཡུག་དང་འཚོ་གནས་ཚད་ལྡན་བསྐྱེལ་བའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་དབང་མེད་པ་དང་། བོད་ནང་དུ་རྩྭ་ཐང་ཉམས་རྒུད་དང་བྱེ་འགྱུར། གཙང་ཆུ་འབག་བཙོག ཐོན་ཁུངས་མང་པོ་སྔོག་འདྲེན་བྱས་པའི་དཀའ་རྙོག་འོག་ཏུ། བོད་མིའི་རང་བྱུང་ཁོར་ཡུག་དང་དེའི་ཐོན་ཁུངས་བཅས་ལ་འཇིག་ཉེན་ཚབས་ཆེན་བཟོས་ཡོད་ཅིང༌། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེན་རང་བཞིན་ཆགས་ཡོད། རྒྱ་གཞུང་གི་མཁར་གྲོང་འཛུགས་སྐྲུན་དང་བཟོ་ལས་ཐོན་སྐྱེད། གཏེར་རྫས་སྔོག་འདྲེན། ཆུ་གློག་འཛུགས་སྐྲུན། གཙང་ཆུ་ཁ་བསྒྱུར། གཏེར་ཆུ་ཐོན་གཉེར་བཅས་ཀྱི་ལས་གཞིའི་རྐྱེན་གྱིས། བོད་ནང་དང་རྒྱ་ནག་རྒྱལ་ཡོངས་སུ་ཁོར་ཡུག་གཙང་སྦྲ་མེད་པ་དང་འཐུང་ཆུ་གཙང་མ་མེད་པའི་ཉེན་ཁར་འཕྲད་ཡོད། རྒྱ་གཞུང་གི་གཏན་འབེབས་སྲིད་བྱུས་འོག་ཏུ་ས་གནས་བོད་མི་ཚོར་མིས་བཟོས་གོད་ཆག་དང་དུག་རླངས་འབག་བཙོག་གི་ཤུགས་རྐྱེན་བཟློག་ཏུ་མེད་པ་འཕྲད་ཅིང་། བོད་མི་ཚོས་རང་ས་རང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་ནི་སེམས་འཚབ་སྐྱེ་གཞི་ཆགས་ཡོད། ཐ་ན་བོད་ཁུལ་གྱི་རང་བྱུང་གཏེར་རྫས་སྔོག་འདོན་དང་ཕྱིར་འཐེན་བྱས་རྗེས་ཀྱང་། ས་གནས་བོད་མི་ཚོས་རང་ས་རང་ཡུལ་གྱི་ཁོར་ཡུག་ཉམས་རྒུད་ལ་བཟོད་བསྲན་གནང་རྒྱུ་མ་གཏོགས། དང་བླངས་ཚོགས་པ་བཙུགས་ནས་ཁོར་ཡུག་ཉམས་ཉེས་ཀྱི་བློ་འཚབ་ཞུ་འབོད་གནང་བའི་ཐོབ་ཐང་ཙམ་ཡང་མེད་པ་རེད། རང་བྱུང་ཁོར་ཡུག་གི་བདེ་ཐང་ལ་འགན་མི་འཁུར་བར་གཏེར་རྫས་སྔོག་འདྲེན་དང་ཆུ་རགས་འཛུགས་སྐྲུན་བྱས་པ་དེས་བོད་ཁུལ་གྱི་གཙང་ཆུ་མང་པོ་འབག་བཙོག་བཟོ་བཞིན་པར་བརྟེན་བོད་ནང་དུ་རང་བྱུང་གོད་ཆག་དང་ས་རུད་ཉིལ་བ། ས་གཞི་ཉམས་ཉེས་ཚབས་ཆེར་ཕྱིན་ཡོད། ཅེས་བཀོད་འདུག

སྙན་ཐོ་དེ་བོད་རྒྱ་དབྱིན་གསུམ་ནང་བཏོན་ཡོད་པ་དང་། བོད་ཡིག་སྙན་ཐོར་ཤོག་གྲངས་ ༨༨ ཡོད་པ་ལས། སྙན་ཐོའི་དཀར་ཆག་ནང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལག་བསྟར་གྱིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ། གང་བྱུང་འཛིན་བཟུང་དང་བཀར་ཉར། ཞི་བའི་འདུ་འཛོམ་རང་དབང་གི་ཐོབ་ཐང་། འགྲོ་འོང་གི་རང་དབང་། དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་། ཆོས་ལུགས་དད་མོས་རང་དབང་། ནང་བསྟན་ཆོས་ལུགས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཆམ་མཐུན། བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་ལོ་གསུམ་ནས་ལྔ་ཡི་ཆབ་སྲིད་སློབ་གསོའི་ཟབ་སྦྱོང་ལ་མངགས་པ། ཆོས་ལུགས་རང་དབང་དང་འབྲེལ་བའི་རྒྱ་གཞུང་གི་གྲངས་ཚད། སྐད་ཡིག་དང་སློབ་གསོའི་ཐོབ་ཐང་། འཚོ་གནས་ཚད་ལྡན་བསྐྱེལ་བའི་ཐོབ་ཐང༌། ཁོར་ཡུག་བདེ་ཐང་གི་ཐོབ་ཐང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་རྩིས་མེད་བཏང་བ་བཅས་དོན་ཚན་ཆེན་པོ་གསུམ་དང་། ཆོས་ལུགས་དད་མོས་རང་དབང་ཞེས་པའི་ནང་གྲྭ་ཕྲུག་ཚོ་རང་དགོན་ནས་ཕྱིར་འཕུད་ཀྱིས་རྒྱ་གཞུང་གི་སློབ་གྲྭར་བཙན་འཇུག་བྱས་པ།  སློབ་ཕྲུག་དང་ཁྱིམ་བདག་རྣམས་ཆོས་ལུགས་བྱེད་སྒོར་ཞུགས་པར་བཀག་སྡོམ་བྱས་པ། ས་ག་ཟླ་བའི་རིང་གི་བརྟན་ལྷིང་སྲུང་སྐྱོང། ས་ག་ཟླ་བར་དྲག་གནོན་གྱིས་ཏང་ཡོན་ཚོར་ཞིབ་བཤེར་དང་ཉེས་ཆད་བཅད་པ། བོད་ལྗོངས་ཕྱི་ལོགས་ཀྱི་བོད་ཁུལ་དུ་ྋགོང་ས་མཆོག་གི་སྐུ་པར་བཀག་སྡོམ་བྱས་པ།  ཕྱིའི་སྒྲིག་འཛུགས་ཁག་ལ་འབྲེལ་གཏུག་བྱེད་པ་ནི་ཁྲིམས་འགལ་གྱི་ངོ་བོར་བསྒྱུར་བ། བླ་རུང་སྒར་ལྔ་རིག་ནང་བསྟན་སློབ་གླིང་དུ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་བཀག་སྡོམ་བཅས་གནད་དོན་ཆེན་པོ་དྲུག་གསལ་འདོན་བྱས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༡༦

Leave a Reply

One thought on “ལོ་རེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམའ་

    བོད་ནང་འགྲོ་བ་མིའི་ཐོབ་ཐངས་ལོ་རེ་ནས་ལོ་རེ་བཞིན་ཇི་ཞན་ཇི་སྡུག་ཏུ་འགྲོ་བཞིན་པ་ནི་
    རང་བཙན་མེད་པ་ནས་གཞན་དབང་འོག་ཏུ་ནམ་ཡང་རང་དབང་ཐོབ་རྒྱུ་མེད་པ་ནི་ལོང་
    བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་ལས་མ་འདས་ན་འདས་པའི་མི་ལོ་དྲུག་བཅུའི་རིང་
    ང་ཚོའི་རེ་བ་དང་ཡིད་ཆེས་ལ་སྐྱབས་བཅོལ་ནས་དུས་ཚོད་ཤོར་བ་དེ་དག་ལ་ཕྱི་མིག་བལྟས་ནས་
    ཆབ་སྲིད་ཀྱི་ཐབས་ལམ་གསར་པ་དང་ལས་འགུལ་གསར་པ་དང་ལག་ལེན་གསར་པ་རྒྱུད་ནས་སྔོན་
    འགྱེལ་རྗེས་ལང་ཀྱི་ཆོད་སེམས་ལ་འགན་འཁུར་ནས་ནང་ཁུལ་རྐུབ་ཀྱག་ཐབས་རྩོད་དང་ཁ་དམག་འགན་འཁུར་
    རྒྱུད་ནས་དུས་ཚོད་འཕྲོ་རླགས་མ་བཏང་བར་རང་ས་རང་སྲུངས་ལ་རང་འགན་རང་གི་ཁྱེར་ནས་མ་འོངས་
    བོད་མི་རིགས་ཀྱི་མདུན་ལམ་ལ་ནག་ཐིག་མ་ཕོག་པའི་འགན་དེ་ད་ལྟའི་མི་རབས་འདིའི་ཁྱེར་དགོས་པ་དེ་འཇིག་མི་
    གི་ཡ་རབས་བཟང་སྤྱོད་དང་ཁྲེལ་ངོ་ཚ་ལས་རྒྱུ་འབྲས་ཚེ་འདི་འཆི་ནང་བསྟན་ཆོས་ལུགས་ནས་བསྟན་པའི་
    བཟང་པོའི་སླབས་ཆ་དང་ནམ་ཡང་མ་འགལ་ཞིག་དགོས་པ་མ་རེད་དམ།