བོད་གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས་བརྟན་བཞུགས་ཕུལ།

དེ་རིང་བོད་གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས་བརྟན་བཞུགས་འབུལ་སྐབས་༧གོང་ས་མཆོག་གིས་ཁྱེད་ཚོས་སྨོན་ལམ་བརྒྱབས་པ་དང་ཞབས་བརྟན་ཧ་ཅང་མང་པོ་བསྒྲུབས་འདུག་པ་དེར་བདེན་པའི་ནུས་པ་ངེས་ཅན་ཞིག་ཡོད་པ་གསལ་པོ་རེད་ཅེས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པ་ཙམ་ལ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད། བོད་གཞིས་བྱེས་གཞུང་མང་གཉིས་ཀྱི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས། ༸རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་ནང་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་༧གོང་ས་མཆོག་ནས་འབྲེལ་ཡོད་ཚང་མས་ངལ་གསོ་རྒྱག་རོགས། ངལ་གསོ་རྒྱག་རྒྱུ་གལ་ཆེན་པོ་འདུག་ཅེས་གསུང་གི་འདུག་ལ། ངོས་ལ་དགོས་པའང་དེ་རེད། ཅེས་གསུངས་སོང་།

བརྟན་བཞུགས་ཐོག་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་དབུས་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་།  ཤར་བྱང་ཆོས་རྗེ་རྣམ་གཉིས། ཏའི་སི་ཏུ་རིན་པོ་ཆེ་མཆོག  སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག  སྔ་འགྱུར་རྙིང་མའི་སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག  དེ་བཞིན། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད། གཞན་ཡང་དྷ་ས་ཁུལ་གྱི་སེར་སྐྱ་ཕོ་མོ་དང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༦༠༠༠ ཡས་མས་འཛོམས་འདུགབརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་མཎྜེལ་ལྗགས་བཤད་གནང་གྲུབ་རྗེས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དང་བརྟན་བཞུགས་དང་འབྲེལ་བའི་བཀའ་སློབ་གནང་སྐབས། དེ་རིང་འདིར་ཁྱེད་རང་ཚོ་བོད་ཆོས་བརྒྱུད་ལྷ་མི་དང་བཅས་པས་བརྟན་བཞུགས་བྱས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བར་ལམ་ཞིག་ནས་ངོས་རང་ཏོག་ཙམ་ན་བ་རེད། སྐབས་དེར་བོད་གཞིས་བྱེས་གཉིས་ཙམ་དུ་མ་ཟད།  འཛམ་གླིང་གང་ས་ནས་ངོས་རང་ན་བ་དེར་སེམས་ཁྲལ་བྱས་ནས་སྨོན་ལམ་རྒྱག་མཁན་མང་པོ་བྱུང་སོང་། རྒྱ་ནག་ནང་ནས་ཀྱང་མང་པོ་བྱུང་སོང་། དེར་བརྟེན། ཁྱེད་རང་ཚོས་དད་པ་དང་དམ་ཚིག་གཡོ་བ་མེད་པར་ལྷག་བསམ་རྣམ་དག་གིས་སྨོན་ལམ་བརྒྱབས་པ་དེར་ཡང་ཐུགས་རྗེ་ཆེ་ཟེར་གྱི་ཡིན། སྤྱིར་བཏང་ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བ། ཞེས་པའི་འགྲོ་སྟངས་འདི་འདྲ་རེད། སོ་སོའི་ལས་གང་བསགས་བཞག་པའི་འབྲས་བུ་དེ་སོ་སོ་ལས་གཞན་གྱིས་འཁྱེར་རྒྱུ་དེ་འདྲ་མེད་མོད། འོན་ཀྱང་། ཕ་མ་གཅིག་པའམ་རིགས་རུས་ཀྱི་འབྲེལ་བ་ཡོད་པ། བླ་མ་དང་སློབ་མའི་དབར་ཆོས་དང་དམ་ཚིག་གི་འབྲེལ་བ་ཡོད་པ། ཁྱིམ་ཚང་གཅིག་པའི་དཔལ་འབྱོར་གྱི་འབྲེལ་བ་ཡོད་པ། དེ་འདྲའི་འབྲེལ་བ་ཡོད་པ་ཚོས་གཅིག་གིས་དགེ་བ་བསྒྲུབས་ན་གཅིག་ལ་ཕན་ཐོགས་ཡོང་གི་ཡོད། དེར་བརྟེན། འདིར་སྨོན་ལམ་རྒྱག་མཁན་ཚོ་ཡང་རྒྱབ་མདུན་མངོན་ལྐོག་དང་། འཕྲལ་སེལ་གྱི་ཁེ་ཕན་དོན་དུ་འཁྲབ་སྟོན་བྱས་པའི་བཟོ་ལྟ་བུ་མིན་པར་བསམ་པ་རྣམ་དག་གི་ཐོག་ནས་སྨོན་ལམ་བརྒྱབས་པ་ཡིན་སྟབས་བདེན་པའི་ནུས་པ་ཏན་ཏན་ཡོད། ཁྱེད་ཚོས་སྨོན་ལམ་བརྒྱབས་པ་དང་ཞབས་བརྟན་ཧ་ཅང་མང་པོ་བསྒྲུབས་འདུག དེ་དག་ལ་བདེན་པའི་ནུས་པ་ངེས་ཅན་ཞིག་ཡོད་པ་གསལ་པོ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེས་གསུངས་སོང་།

ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་གསུངས་སྐབས། ངོས་རང་བོད་མི་ཞིག་ཡིན་པ་དང་། བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ག་རེ་ཡིན་ཡང་། ངོས་ཀྱི་མི་ཚེའི་ནང་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་ཆབ་སྲིད། བོད་རྒྱ་ཆེ་མི་མང་གི་བདེ་སྡུག་ཐོག་ལ་བཙན་བྱོལ་བ་མ་ཆགས་བར་དུ་ངོས་བོད་ནང་བསྡད་དེ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་བྱས་ཡོད་ལ།  གང་ལ་གང་འཚམ་གྱིས་ཕན་ཐོགས་བྱུང་ཡོད་པ་རེད། དེ་ནས་རང་དབང་གང་ཡང་མེད་པའི་རྐྱེན་ཞིག་བྱུང་སྟེ་བཙན་བྱོལ་བ་ཆགས་པ་རེད། བཙན་བྱོལ་བ་ཆགས་ནས་བོད་བསྟན་སྲིད་ཀྱི་ཚང་མ་གོང་སྒྲིག་བྱས་པ་དང་། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་སློབ་སྦྱོང་དང་དཔལ་འབྱོར་གྱི་གནས་སྟངས་སོགས་བོད་མིའི་རྣམ་པ་མ་ཡལ་བའི་ཐོག་ནས་སྤྱི་ཚོགས་བསྐྲུན་ཐབས་བྱས་པ་རེད། ལོ་ ༦༠ ནང་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ང་ཚོ་ཆགས་ཏེ། གང་ལ་གང་འཚམ་གྱིས་གྲུབ་འབྲས་ཐོན་ཡོད་པ་རེད། དེ་ཡང་གཙོ་ཆེ་ཤོས་རྒྱ་ཆེ་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་རེད། ངོས་ནས་བོད་ནང་ལ་དངོས་སུ་ཕན་ཐོགས་རྒྱུ་གང་ཡང་མི་འདུག་མོད། འོན་ཀྱང་། བོད་ཀྱི་ཁོར་ཡུག་དང་གཙོ་བོ་ཆོས་དང་རིག་གཞུང་སོགས་ལ་དོན་སྣང་བྱེད་ཀྱི་ཡོད། ཅེས་གསུངས་སོང་།མཇུག་ཏུ་སྐུ་ངལ་མང་པོ་གསོ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་སྐོར་ཁོང་གིས། ཇི་སྲིད་གནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་ནས།། དེ་སྲིད་བདག་ནི་གནས་གྱུར་བ།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་སྨོན་ལམ་རྒྱག་མཁན་ཞིག་ཡིན་དུས། ད་ལྟ་ཁ་ཡོད་ལག་ཡོད་ཀྱི་མི་ཚེ་འདིའི་ནང་ངོས་ནས་མི་ལ་ཏོག་ཙམ་ཕན་གྱི་ཡོད་པ་རེད། དེར་བརྟེན། ཕན་ས་དེར་ག་ཚོད་ཀྱིས་ཚེ་རིང་བ་འདུག་ཐུབ་ན་ཕན་གྱི་ཡོད་པ་རེད། ཤེས་སོང་ངམ། ཐམས་ཅན་མཁྱེན་པ་དགེ་འདུན་གྲུབ་པས། གནས་གང་ཞིག་ཏུ་སེམས་ཅན་སྡུག་བསྔལ་གྱིས་མྱངས་པར་ཕན་ཐོགས་བྱེད་ས་ཞིག་ཏུ་སྐྱེས་པར་ཤོག་བསམ་པ་མ་གཏོགས་མེད་ཅེས་གསུངས་པ་ནང་བཞིན་ངོས་ནས་སྨོན་ལམ་དེ་ག་རང་བརྒྱབས་བསྡད་ཡོད། ཐམས་ཅན་མཁྱེན་པ་དགེ་འདུན་གྲུབ་པས་ཐུགས་སྨོན་གནང་བ་ནང་བཞིན། དགེ་འདུན་གྲུབ་པ་དགུང་ལོ་ ༨༤ ལ་ཕེབས་པ་རེད། ངོས་རང་ད་ལྟ་ལོ་ ༨༤ ལ་བསླེབས་པ་རེད་དེ། ད་དུང་ལོ་བཅུ་བཅོ་ལྔ་ཞིག་ལ་བསྡད་དེ། དགེ་འདུན་གྲུབ་པའི་ཐུགས་རྗེ་འཕྲིན་ལས་ཀྱི་བྱིན་བརླབས་སྩོལ་བའི་སྨོན་ལམ་རྒྱག་གི་ཡོད། རྨི་ལམ་ལ་ཡིད་ཆེས་ཞེ་དྲགས་ཡོད་མ་རེད་དེ། ངོས་ཀྱི་རྨི་ལམ་ནང་ངོས་ནས་ཆུ་རྐྱལ་སྐབས་སྒལ་བའི་སྒང་དཔལ་ལྡན་ལྷ་མོ་བཞུགས་ཏེ། ངོས་ལ་ཁྱེད་རང་ལོ་ ༡༡༠ སྡོད་པར་ཐེ་ཚོམ་མེད་ཅེས་གསུང་གི་འདུག དེ་ནས་སྔོན་མ་ངོས་ལ་རྨི་ལམ་ཞིག་བྱུང་སྟེ་ལོ་ ༡༡༣ འདུག་པའི་ལུང་བསྟན་གནང་ཡོད་པ་རེད། དེ་ཚོ་རེ་བ་སྐམ་པོ་བརྒྱབ་བསྡད་པ་དེ་འདྲ་མ་རེད། དེར་ཚད་མ་ལུང་འདྲེན་ཕྲན་བུ་ཕྲན་བུ་ཡོད་བསྡད་པ་རེད། སྐུ་གཤེགས་དམ་པ་ཀ་ཐོག་དགེ་རྩེ་རིན་པོ་ཆེའི་སྐུ་གོང་མའི་གོང་མ་རྗེ་བཙུན་པཎྜིཏ་ཟེར་བ་དེའི་ལུང་བསྟན་ནང་ངོས་རང་ལོ་ ༡༡༣ འདུག་གི་རེད་ཟེར་བ་དེ་འདྲ་འདུག ཕལ་ཆེར་ལོ་ ༡༡༠ འདུག་པའི་རེ་བ་ཡོད་པའི་བཟོ་འདྲ་པོ་འདུག ངོས་ནས་སེམས་ཤུགས་བསྐྱེད། ཁྱེད་རང་ཚོས་སྨོན་ལམ་བརྒྱབ། ན་ནིང་ངོས་ལ་དྭགས་ལ་ཡོད་སྐབས། ལ་དྭགས་ཀྱི་ཡུལ་གྲུ་ཁ་ཤས་ནང་ཡོང་རོགས་ཟེར། དེ་དུས་ངོས་ནས་ངོས་ལྷོད་ལྷོད་བྱས་ནས་ཚེ་རིང་པོ་ཞིག་དགའ་བ་འདུག་གམ་བྲེལ་ལ་ཚ་པོ་བྱས་ནས་ཚེ་ཐུང་ཐུང་ཞིག་དགའ་བ་འདུག་གམ་ཞེས་ལབ་པ་ཡིན། ད་ལྟ་འབྲེལ་ཡོད་ཚང་མས་ངོས་ནས་ངལ་གསོ་རྒྱག་རོགས། ངལ་གསོ་རྒྱག་རྒྱུ་གལ་ཆེན་པོ་འདུག་ཅེས་གསུང་གི་འདུག ངོས་ལ་དགོས་པའང་དེ་རེད། ཅེས་གསུངས་སོང་།

གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ། བོད་གཞུང་མང་གཉིས་ནས་བརྟན་བཞུགས་ཕུལ་བ་བརྒྱུད་གསོལ་འདེབས་གཙོ་བོ་ག་རེ་ཞུས་ཡོད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། གསོལ་འདེབས་གཙོ་བོ་དེ་ལོ་གསར་སྐབས་གནས་ཆུང་སྤྱན་འདྲེན་ཞུས་སྐབས། བོད་གཞིས་བྱེས་གཉིས་གཞུང་མང་ལྷ་དང་བཅས་པས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་དགོས་རེད་ཅེས་གསུངས་པ་ནང་བཞིན། ད་ལྟ་འདིར་ང་ཚོ་གཞུང་དང་གཞིས་བྱེས་བོད་མི། ལྷ་མི་ཚང་མས་༧གོང་ས་མཆོག་ཡུན་ནས་ཡུན་དུ་བཞུགས་པར་ཤོག་ཅེས་བརྟན་བཞུགས་ཕུལ་བ་རེད། བརྟན་བཞུགས་འདི་༧རྒྱལ་དབང་སྐུ་ཕྲེང་ལྔ་བའི་དག་སྣང་གི་ཐོག་ནས་ཕུལ་ཡོད་པ་རེད།  གཙོ་ཆེ་ཤོས་ད་ལོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་དགུང་སྐེག་ཕེབས་ཀྱི་ཡོད་པ་དང་། དགུང་སྐེག་གི་སྐབས་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་བཞུགས་རོགས་གནང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགུང་ལོ་ ༡༡༣ བཞུགས་ཀྱི་ཡིན་ཞེས་གསུང་གི་ཡོད་པ་དང་། གཙོ་ཆེ་ཤོས་དེ་བོད་གཞིས་བྱེས་གཉིས་ཀྱི་གཞུང་མང་ཚང་མས་དམ་ཚིག་གཙང་མའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུ་ཡི་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཕེབས་པ་བཞིན་ཁོང་ཆུ་རྐྱལ་སྐབས་དཔལ་ལྡན་ལྷ་མོས་དགུང་གྲངས་ ༡༡༠ ལྷག་བཞུགས་ཀྱི་རེད་གསུངས་པ་དེ་ཧ་ལས་པའི་རྟགས་མཚན་ཡག་པོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ང་ཚོ་གཞུང་མང་ཚང་མའི་ངོས་ནས་དམ་ཚིག་གཙང་མའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཇི་གསུང་དང་ལེན་ཞུས་པ་ཡིན་ན། ༧གོང་ས་མཆོག་གི་བཀའ་གནང་བ་ནང་བཞིན་སྐུ་ཚེ་ཡུན་རིང་བཞུགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༡༧

Leave a Reply

2 thoughts on “བོད་གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས་བརྟན་བཞུགས་ཕུལ།

  1. གཞུང་པ་ཚེ་དབང་བསོད་ནམའ་

    གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པ་ལ།
    ཆོལ་གསུམ་མི་མང་དམ་ཚིག་གཙང་མ་དགོས།
    གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པ་ལ།
    གང་གི་ལམ་སྟོན་བཀའ་སློབ་ཚུལ་བཞིན་སྲུང།
    གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པ་ལ།
    ནང་ཁུལ་ཆབ་སྲིད་རྩོད་གླེང་ཉུང་ན་དགའ།

  2. གཞུང་པ་ཚེ་དབང་བསོད་ནམའ་

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།

    བོད་འབངས་བསོད་ནམས་ཁྱེད་ཀྱི་སྐུ་ཚེ་རག།
    འཛམ་གླིང་ཞི་བདེ་ཁྱེད་ཀྱི་སྐུ་ཚེ་རག།
    གཞིས་བྱེས་མཉམ་འཛོམས་ཁྱེད་ཀྱི་སྐུ་ཚེ་རག།
    གངས་ཅན་མགོན་པོའི་སྐུ་ཚེ་སྐལ་བརྒྱར་བརྟན་པ་ཤོག།