ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་ལ་འཚམས་འདྲི་མཛད།

ཨོ་སི་ཊོ་ལི་ཡའི་མཉམ་འབྲེལ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པས་ཡུལ་དེའི་སྲིད་བློན་སི་ཁོ་ཊི་མོ་རེ་སན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུགཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འོས་བསྡུའི་ཁྲོད། གུ་ཡངས་སྲིད་དོན་ཚོགས་པ་(Liberal Party of  Australia)དང་། རྒྱལ་ཡོངས་སྲིད་དོན་ཚོགས་པ་(National Party of Australia)གཉིས་ཀྱི་མཉམ་འབྲེལ་སྲིད་དོན་ཚོགས་པར་(Coalition Party) སླར་ཡང་གཞུང་འཛིན་གྱི་དབང་ཆ་ཐོབ་ཡོད་སྟབས།  ཁ་སང་ཕྱི་ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། མཉམ་འབྲེལ་སྲིད་དོན་ཚོགས་པའི་མགོ་འཁྲིད་དང་ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཁོ་ཊི་མོ་རེ་སན་(Scott Morrison)་ལགས་སུ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ཁྱེད་ཀྱི་མཉམ་འབྲེལ་སྲིད་དོན་ཚོགས་པར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོར་རྒྱལ་ཁ་ཐོབ་པར་ངོས་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་ཡི་ཡོད། འདས་པའི་ལོ་ངོ་ ༤༠ རིང་་ངོས་ཨོ་སི་ཊོ་ལི་ཡའི་ས་གནས་གང་སར་ཕྱིན་པ་ཡིན་ལ། སྐབས་དེར་ཨོ་སི་ཊོ་ལི་ཡའི་མི་མང་ཚང་མས་དཀྱེལ་ཡངས་དང་བྱམས་བརྩེ་ཡིས་ངོས་ལ་སེམས་ཚོར་ཟབ་མོ་སྦྱིན་བྱུང་བ་མ་ཟད། ངོས་ནས་འགྲོ་བ་མི་གཅིག་གྱུར་དང་འཛམ་གླིང་གི་ཆོས་ལུགས་ཚང་མ་མཐུན་སྒྲིལ་བྱེད་པའི་འབད་བརྩོན་དང་མངོན་འདོད་ལ་ཁོང་ཚོས་སེམས་ཤུགས་སྤྲད་བྱུང་། དེར་བརྟེན། ངོས་ནས་གོ་སྐབས་འདི་བརྒྱུད་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ནས་བོད་མི་ཚོར་དགའ་པོ་དང་། ད་ལྟའི་བོད་ནང་གི་གནས་སྟངས་ཐོག་དོ་ཁུར་གནང་བཞིན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངོས་ནས་ཁྱེད་ཀྱི་ལས་དོན་མཐའ་དག་ཨོ་སི་ཊོ་ལི་ཡའི་མི་མང་གི་རེ་བ་དང་མངོན་འདོད་ལྟར་ལེགས་འགྲུབ་ཡོང་བར་སྨོན་ལམ་དང་བཀྲ་ཤིས་རྟེན་འབྲེལ་ཞུ་ཡི་ཡོད། ཅེས་གསུངས་འདུག

གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྲིད་བློན་སི་ཁོ་ཊི་མོ་རེ་སན་མཆོག་ལ་འཚམས་འདྲི་གནང་བའི་ནང་།  ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ། ཁྱེད་ཀྱི་མཉམ་འབྲེལ་སྲིད་དོན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་གཞུང་འཛིན་གྱི་དབང་ཆ་ཐོབ་པར་སེམས་གཏིང་ནས་འཚམས་འདྲི་ཞུ། དམིགས་བསལ་ཁྱེད་ཀྱི་ངལ་བ་ལྷོད་མེད་ཀྱི་མགོ་འཁྲིད་འོག ཨོ་སི་ཊོ་ལི་ཡའི་འོས་བསྡུའི་ཁྲོད་རྒྱལ་ཁ་བླངས་པ་འདི་ཨོ་སི་ཊོ་ལི་ཡའི་དཀྱེལ་ཡངས་སྲིད་དོན་ཚོགས་པའི་ཉེ་བའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཞིག་ཆགས་ཡོད། ཅེས་དང་། ཨོ་སི་ཊོ་ལི་ཡའི་གཞུང་གིས་བོད་དོན་གྲོས་མོལ་བརྒྱུད་ནས་སེལ་དགོས་པར་ཡུན་རིང་རྒྱབ་སྐྱོར་བྱས་ཡོད་པ་དང་། གཞུང་འཛིན་སྲིད་དོན་ཚོགས་པས་ཨོ་སི་ཊོ་ལི་ཡའི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་ཐོག་ཡོད་པའི་རྒྱབ་སྐྱོར་མུ་མཐུད་གནང་རོགས། ཅེས་གསུངས་འདུག

སྲིད་བློན་སི་ཁོ་ཊི་མོ་རེ་སན་མཆོག་ནི་ཕྱི་ལོ་ ༢༠༡༨ ནས་ཨོ་སི་ཊོ་ལི་ཡ་གུ་ཡངས་སྲིད་དོན་ཚོགས་པའི་མགོ་འཁྲིད་ཡིན་ཞིང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་ཨོ་སོ་ཊོ་ལི་ཡའི་ནོར་དོན་བློན་ཆེན་གྱི་ཐུགས་འགན་འཁུར། ཕྱི་ལོ་ ༢༠༠༧ ལོར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་ཐོག་མར་ཞུགས་ཡོད་པ་དང་། སྲིད་བློན་སི་ཁོ་ཊི་མོ་རེ་སན་མཆོག་གི་གཞུང་གིས། ཕྱི་མི་གནས་སྤོར་བ་བཀག་སྡོམ་ཐད་སྲིད་བྱུས་དམ་པོ་འཛིན་བཞིན་ཡོད་ཀྱང་། ཕྱི་ལོ་ ༡༩༩༦ དང་ ༢༠༠༧ ལོར་༧གོང་ས་མཆོག་ཡུལ་དེའི་ནང་ཕེབས་ཏེ་སྐབས་དེའི་སྲིད་བློན་ཇོན་ཧོ་ཝར་ཌི་(John Howard)མཆོག་ལ་མཇལ་འཕྲད་གནང་ཡོད་པ་དང་། སྲིད་བློན་མཆོག་ནས་ཞལ་བཞེས་གནང་བ་ལྟར་ད་བར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་སོགས་ལོ་ལྟར་གཏོང་མུས་ཡིན་ལ། སྲིད་སྐྱོང་མཆོག་ནས་ད་ལྟའི་ཆར་བོད་མི་ ༢༣༠༠ ལྷག་ཡུལ་དེའི་ནང་གནས་སྡོད་བྱེད་བཞིན་ཡོད་སྐོར་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༢༠

Leave a Reply