འདི་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་མེད།

ཡུ་གུར་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་པ་ལྕམ་རཱ་བྷི་ཡ་ཁ་ཏིར་ལགས་ལ་སེམས་གུ་ཡངས་ཀྱི་གཟེངས་རྟགས་སྤྲད་པ་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་གཙོ་གཉེར་བ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག འདི་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་བུད་མེད་གཅིག་གིས་ཀྱང་མཉམ་ཞུགས་བྱས་མེད་སྟབས། ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཕྱིར་འཐེན་མ་བྱས་ཀ་མེད་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་བུད་མེད་གང་མང་མང་གིས་མཉམ་ཞུགས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་སོང་བ་དང་འབྲེལ། ཕྱི་ལོ་ ༢༠༡༩ ལོའི་སེམས་གུ་ཡངས་ཀྱི་གཟེངས་རྟགས་(Free Spirit Award) དེ་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་རཱ་བྷི་ཡ་ཁ་ཏིར་(Rabiya Kadeer)ལགས་ལ་ཕུལ་བ་གསལ་བསྒྲགས་གནང་སོང་།

དེ་ཡང་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་གཙོ་གཉེར་བ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་བྱེད་སྐབས། ང་ཚོས་འགྱོད་སེམས་དང་བཅས་འདི་ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་པ་གཅིག་ཀྱང་མེད་པར་བརྟེན། ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་འཚོག་ཐུབ་ཀྱི་མེད་པའི་གསལ་བསྒྲགས་བྱེད་ཀྱི་ཡོད། ཅེས་དང་། ང་ཚོས་འདི་ལོའི་ཕྱི་ཟླ་ ༢ པའི་ནང་དྲ་ཐོག་བརྒྱུད་བོད་ཀྱི་བུད་མེད་རྣམས་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་རྒྱུའི་དྲ་ཐོག་འཚང་སྙན་ཞིག་སྒོ་ཕྱེས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༥ པའི་གཞུག་དེར་འཚང་སྙན་འབུལ་མཁན་སུ་གང་བྱུང་མེད་པ་རེད། ཅེས་དང་། ཟླ་ཤས་སྔོན་ནས་མགྲོན་ཁང་མངགས་གཏོང་ལ་སོགས་པའི་གྲ་སྒྲིག་ཆ་ཚང་བྱས་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས། ང་ཚོས་འདི་ལོར་བོད་དང་བོད་པའི་སྤྱི་ཚོགས་ལ་གོ་སྐབས་ཤིག་ཤོར་བར་བརྩི་ཡི་ཡོད་ཀྱང་། སེམས་ཤུགས་མ་ཆགས་པར་རྗེས་ལོའི་ཕྱི་ཟླ་ ༦ པའི་ནང་། བོད་ཀྱི་བུད་མེད་རྣམས་ཀྱིས་ཉམས་མྱོང་སྦྱོང་ཤེས་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཆེད་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་རྒྱུའི་རེ་བ་འདོན་གྱི་ཡོད། ཅེས་བརྗོད་སོང་།

གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་པ་མེད་པའི་རྒྱུ་མཚན་གང་ཡིན་དྲིས་པར་བློ་བཟང་དབང་རྒྱལ་ལགས་ཀྱིས། ང་ཚོས་འདི་ལོར་མཉམ་ཞུགས་པ་གཅིག་ཀྱང་མེད་པའི་རྒྱུ་མཚན་རྡོག་རྡོག་ཅིག་བརྗོད་ཐུབ་ཀྱི་མི་འདུག འདས་ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ཨ་རིར་ཚོགས་ཡོད་སྟབས། སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ཨ་རིར་འཚོག་ན་རྒྱ་གར་ནང་ཡོད་པའི་བུད་མེད་ཚོ་ཕར་འགྲོ་ཐུབ་ཀྱི་མི་འདུག་པས། མ་འོངས་པར་རྒྱ་གར་དུ་འཚོག་རོགས་གནང་ཞེས་ཞུ་ཡི་འདུག ངས་ཕར་ཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་དེ། ཨ་རིར་མཚོན་ན་བོད་མི་ཁྲི་ ༣ མ་ཟིན་ཙམ་ཆགས་ཀྱི་ཡོད་སྟབས། ཁོ་ཚོས་ཀྱང་བོད་ཀྱི་མཛངས་མའི་འགྲན་བསྡུར་མཐོང་དགོས་ཀྱི་ཡོད་ལ། དེར་འཛུལ་ཞུགས་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད། མ་འོངས་པར་ཡུ་རོབ་དང་ཁ་ན་ཌ་བཅས་ཀྱི་ནང་དུའང་འཚོག་སྲིད་པ་རེད། གང་ལྟར་ང་ཚོས་ད་ལོ་རྒྱ་གར་དུ་འཚོག་རྒྱུ་བྱས་ཡོད་ཀྱང་། འཛུལ་ཞུགས་བྱེད་མཁན་བྱུང་མེད་པ་རེད། དེར་བརྟེན་ངེས་པར་དུ་རྒྱ་གར་ནང་འཚོག་ན་ཡག་པོ་ཡོད་པའི་ཁྱབ་པ་མེད་པ་རེད། ཅེས་བརྗོད་སོང་།

ཡང་གསར་འགོད་པ་ཞིག་གིས་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་བྱ་དགའི་མ་དངུལ་ཡར་སྤར་རྒྱུའི་འཆར་གཞི་ཡོད་མེད་དྲིས་པར་ཁོང་གིས། དེའི་ཐད་འཆར་གཞི་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན་རྩ་བའི་ཆ་ནས་མཛངས་མའི་འགྲན་བསྡུར་ནང་བྱ་དགའི་ཆེད་དུ་འཛུལ་ཞུགས་བྱེད་ཀྱི་མེད་པ་རེད། དཔེར་ན་དེང་སྐབས་གང་འདྲ་ཡིན་མིན་མི་ཤེས་ཀྱང་། སྔར་རྒྱ་གར་གྱི་མཛངས་མའི་འགྲན་བསྡུར་(Miss India) ལ་བྱ་དགའ་སྒོར་འབུམ་གསུམ་མ་གཏོགས་མེད་པ་དང་། བཙན་བྱོལ་གྱི་མཛངས་མའི་འགྲན་བསྡུར་ལ་བྱ་དགའ་སྒོར་འབུམ་གཅིག་ཡོད་པ་དེ་སྡུག་པོ་མ་རེད། དེ་བཞིན་ཧི་མ་ཅལ་གྱི་མཛངས་མའི་འགྲན་བསྡུར་(Miss Himachal)ལ་ཡང་རྒྱ་གར་སྒོར་མོ་ ༢༥,༠༠༠ ལས་མེད་པ་རེད། དེར་བརྟེན་ང་ཚོའི་འབུམ་གཅིག་དེ་ཉུང་ཉུང་མ་རེད། ཅེས་བརྗོད་སོང་།

བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་སྡིངས་ཆ་དེ་འཚོང་མིན་གྱི་ཐད་ལ་ཁོང་གིས། ངས་ལོ་ ༡༥ བོད་ཀྱི་མཛངས་མའི་འགྲན་བསྡུར་གཙོ་སྐྱོང་བྱས་ཚར་བའི་རྗེས་སུ། ང་རང་ལོ་ཡར་རྒས་ཡོང་གི་ཡོད་པ་དང་། སྤྱི་ཚོགས་ནང་ལ་བསམ་བློ་གསར་པ་སོགས་འདྲ་མིན་སླེབས་ཀྱི་ཡོད་པ་དང་། གཞན་ལ་གོ་སྐབས་དགོས་ཀྱི་ཡོད་པར་བརྟེན་གོ་སྐབས་སྦྱིན་དགོས་བསམ་སོང་། འགའ་ཤས་ཀྱིས་དེའི་སྐོར་སྐད་ཆ་འདྲི་རུ་ཡང་སླེབས་སོང་། འོན་ཀྱང་ཁ་ཡོད་ལག་ཡོད་ཀྱིས་ཉོ་རུ་ཡོང་མཁན་མི་འདུག མང་ཆེ་ཤོས་ཀྱིས་གོང་འདྲི་ཡི་འདུག་ལ། འགའ་ཤས་ཀྱིས་རྒྱ་གར་གྱི་སྒོར་འབུམ་ ༡༠ དང་ ༡༥ བསམ་གྱི་ཡོད་པ་འདྲ། གོང་དེ་འདྲ་ཞིག་བོད་ཀྱི་མཛངས་མའི་འགྲན་བསྡུར་ལ་མཐོང་ཆུང་ལྟ་བུ་རེད། དེར་བརྟེན་བོད་ཀྱི་མཛངས་མའི་འགྲན་བསྡུར་ད་ལྟའི་ཆར་ང་རང་གི་ལག་ལ་ཡོད་པར་བརྟེན། གཞན་གྱིས་མ་ཉོས་བར་དུ་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་བརྗོད་སོང་།

ཡང་སེམས་གུ་ཡངས་ཀྱི་གཟེངས་རྟགས་དེ་ལྕམ་རཱ་བྷི་ཡ་ཁ་ཏིར་ལགས་ལ་ཕུལ་དགོས་དོན་སྐོར་ལ་ཁོང་གིས། སྤྱིར་བཏང་ང་ཚོས་ཕྱི་ལོ་ ༢༠༡༨ ལོའི་སེམས་གུ་ཡངས་ཀྱི་གཟེངས་རྟགས་དེ་ལྕམ་རཱ་བྷི་ཡ་ལགས་ལ་ཕུལ་གཏན་ཁེལ་ཡོད་ཀྱང་། སྔ་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་སྐབས་ཁོང་མོ་དང་འབྲེལ་བ་བྱས་མ་ཐུབ་པའི་རྐྱེན་གྱིས་ཕུལ་ཐུབ་མེད་པར་བརྟེན། དེ་རིང་གི་གསར་འགོད་ལྷན་ཚོགས་འདི་བརྒྱུད་ཁོང་མོར་སེམས་གུ་ཡངས་ཀྱི་གཟེངས་རྟགས་འདི་ཉིད་འབུལ་རྒྱུའི་གསལ་བསྒྲགས་བྱེད་ཀྱི་ཡོད། ཅེས་དང་། སྤྱིར་དེང་སྐབས་རྒྱ་ནག་གཞུང་གིས་ཤིན་ཅང་དུ་འབོད་བཞིན་པའི་ཤར་ཏུར་ཀི་སི་ཐན་གྱི་ཁུལ་དུ་མི་གྲངས་ས་ཡ་ ༢ ལྷག་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་གྱི་ཡོད་པ་དང་། ང་ཚོའི་ངོས་ནས་ཁོ་ཚོས་མྱོང་བཞིན་པའི་སྡུག་བསྔལ་ལ་གདུང་སེམས་མཉམ་སྐྱེད་དང་། ཁོ་ཚོའི་དཀའ་སྡུག་ལ་ང་ཚོས་འབོད་སྒྲ་ཞིག་སྦྱིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་མཚོན་ཆེད་དུ་གཟེངས་རྟགས་འདི་ཕུལ་གྱི་ཡོད། ཅེས་བརྗོད་སོང་།

བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ཕྱི་ལོ་ ༢༠༠༢ ལོར་ཐོག་མར་མགོ་འཛུགས་བྱས་ཡོད་པ་དང་། ད་བར་ཁྱོན་བོད་ཀྱི་མཛངས་མ་ ༡༦ བདམས་ཐོན་བྱུང་ཡོད་པ་དང་། དེའི་ནང་ནས་བུད་མེད་ཁག་ཅིག་རྒྱལ་སྤྱིའི་སྡིངས་ཆ་གང་འཚམ་ཞིག་ནང་མཉམ་ཞུགས་བྱེད་པའི་གོ་སྐབས་རག་ཡོད་པ་མ་ཟད། བོད་ཀྱི་མཛངས་མའི་མིང་ཐོག་ནས་བོད་དོན་དྲིལ་བསྒྲགས་སོགས་ཀྱང་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་ཀྱི་མཛངས་མ་དང་རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་སོགས་ལ་གནོན་ཤུགས་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༢༠

Leave a Reply

One thought on “འདི་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་མེད།

  1. སྔར་ལོ་ཨ་རིའི་བོད་ཀྱི་མཛངས་མའི་འགྲན་བསྡུར་སྐབས་རྒྱ་གར་ནས་འགྲན་ཞུགས་པ་ཕྱི་སྐྱེད་ལག་ཁྱེར་ཞི་མཁན་རྣམས་འདི་ལོ་ག་བ་ཕྱིན་པ་རེད་།ད་དུང་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་མ་འདང་བའི་ཆ་གང་ཡོད།མཛགས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་མཁན་མེད་པ་དེ་འགྲན་ཞུགས་པ་གཅིག་པུའི་སྐྱོན་ཨེ་ཡིན།