བོད་རིགས་མགོ་འཁྲིད་ཅིག་ལ་ཞིབ་བཤེར།

བོད་རིགས་ཏང་ཡོན་མགོ་འཁྲིད་བསོད་ནམས་ཆོས་འཕེལ་ཟེར་བ་ཞིག་གིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་ཀྱི་ཡོད་འདུག
དེ་རིང་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ཁང་ཟེར་བའི་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། ལྷ་ས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་མགོ་འཁྲིད་དང་ལྷ་ས་དམར་ཤོག་ཚོགས་པའི་ཏང་གི་རྒྱུན་ལས་ཟུར་པ་བོད་མི་བསོད་ནམས་ཆོས་འཕེལ་ཞེས་པ་ཞིག་གིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

བསོད་ནམས་ཆོས་འཕེལ་ནི་བོད་ལྷོ་ཁའི་ཁྱབ་ཁོངས་སྣ་དཀར་རྩེ་རྫོང་ནས་ཡིན་པ་དང་། ཕྱི་ལོ་ ༡༩༧༢ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པར་འཛུལ་ཞུགས་ཀྱིས་ལས་ཀ་རིམ་པར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ ནང་རྒས་ཡོལ་དུ་ཕྱིན་ཡོད་ཀྱང་། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཡོད་སྐོར་བརྗོད་དེ་ཞིབ་བཤེར་བྱེད་བཞིན་ཡོད་ཀྱང་ཁྲིམས་འགལ་སྒྲིག་འགལ་ག་རེ་བྱས་ཡོད་སོགས་གསལ་ཁ་གང་ཡང་མེད་པ་ད་ང། ཁོང་ནི་ལོ་འདིར་རྒྱ་ནག་གཞུང་གིས་ཡོངས་བསྒྲགས་ངང་བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་མགོ་འཁྲིད་ཞིབ་བཤེར་བྱེད་ས་ཐོག་མ་དེ་ཆགས་ཡོད་འདུག

རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་ ༡ ནང་ཕྱི་ལོ ༢༠༡༨ ལོའི་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ཟེར་བའི་བྱ་འགུལ་གྱི་གྲུབ་དོན་ཡོངས་བསྒྲགས་བྱས་ཡོད་པ་དང་། གྲུབ་དོན་དེའི་ཁྲོད་བོད་རིགས་མགོ་འཁྲིད་དང་ལས་བྱེད་ག་ཚོད་ཡོད་མི་གསལ་ན་ཡང་། ཁྱོན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ལོ་དེར་མི་གྲངས་སྟོང་ ༡༡༡༤ ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་ཆད་དང་མི ༣༤ ཞིབ་བཤེར་བྱས་ཏེ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་རིགས་ས་ཁུལ་གྱི་མགོ་འཁྲིད་དང་ལས་བྱེད་ཚོར་ཆེད་དམིགས་འཐབ་རྩོད་བྱེད་ཡུལ་གཅིག་ནི་ཕྱི་ལོག་གི་བོད་མི་ཚོར་འབྲེལ་འདྲིས་དང་༧གོང་ས་རྒྱལ་བ་རིན་པོ་ཆེར་དད་གུས་བྱེད་མཁན་ཚོ་ཡིན་པ་དང་། ད་ལོའི་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་བཞིན་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་ཐོག ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༨ ལོར་གྱོད་དོན་གྲངས་ཁྲི་ ༣ ལྷག་ལ་འདྲི་ཞིབ་བྱས་ཡོད་པ་དང་། དེའི་ནང་ནས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་དང་ཡང་ན་དཔལ་འབྱོར་གྱི་རྒྱབ་རྟེན་འོག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་དོན་ ༢༥ ལ་འདྲི་ཞིབ་བྱས་པ་བརྒྱུད་མི་ ༢༥ ལ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་ཡོད་པ་རེད།

གཞན་ཡང་འདི་ལོའི་ཕྱི་ཟླ་ ༢ ནང་ལྷ་སར་ཚོགས་པའི་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་དང་བཀོད་འདོམས་ཟེར་བའི་སྟེང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་མགོ་འཁྲིད་ཡེ་ཤིན་ཟེར་བས་བོད་ནང་དུ་ངོ་གཉིས་ཅན་གྱི་མི་ཡོད་པ་དང་། དེ་དག་གིས་དམར་ཤོག་གཞུང་ལ་བློ་དཀར་ཡིན་ཚུལ་གྱིས་ལྐོག་ཏུ་ཏཱ་ལའི་ཁ་བྲལ་བ་དང་མཉམ་འབྲེལ་ལས་ཀ་བྱེད་ཀྱི་ཡོད་པས། ཕྱི་ལོ་ ༢༠༡༨ ལོར་ལྷ་སའི་ནང་ཏང་ཡོན་ཆོས་ལུགས་ཆོ་ག་བྱེད་མཁན་དང་གཞུང་གི་ལམ་ལུགས་ལ་གཏོར་བཤིག་བཏང་མཁན་ཟེར་བ་ ༡༥༠ རྩད་གཅོད་བྱུང་ཡོད་པ་དང་། ལོ་དེར་བོད་རང་སྐྱོང་ལྗོངས་ནང་ནག་འཇོམས་ཟེར་བའི་ལས་གཞི་ཤུགས་ཆེན་སྤེལ་ཏེ། དོགས་གཞི་ཡོད་རིགས་གང་བྱུང་འཛིན་བྱུང་དང་དམ་དྲག་རྟོག་ཞིབ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལས་གཞི་དེ་དང་འབྲེལ་བའི་ཉེས་དོན་ ༢༦༨ ལ་འདྲི་ཞིབ་ཀྱིས་མི་གྲངས་ ༣༦༠ ལ་ནག་ཉེས་ར་འཕྲོད་ཡོད་པ་མ་ཟད། ལྐོག་ཟ་རུལ་སུངས་དང་འབྲེལ་ནས་ཉེས་དོན་ ༤༩ ལ་འདྲི་ཞིབ་བྱས་པ་བརྒྱུད་མི་གྲངས་ ༥༥ ཡི་ནག་ཉེས་ར་འཕྲོད་ཡོད་སྐོར་སོགས་བརྗོད་འདུག

བསོད་ནམས་ཆོས་འཕེལ་ནི་ཕྱི་ལོ་ ༡༩༥༨ ལོར་སྐྱེས་ཤིང་། ཕྱི་ལོ་ ༡༩༧༢ ལོ་ནས་ ༡༩༨༣ བར་ལྷོ་ཁ་ས་ཁུལ་ཉོ་ཚོང་བཟོ་གྲྭའི་སྡེབ་ཚོང་ཁང་གི་བཟོ་པའི་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ནས་ ༡༩༨༥ བར་ལྷོ་ཁ་ཕྱི་ཕྱོགས་ཉོ་ཚོང་ལས་འཛིན་གཞོན་པའི་འགན་ཁུར་ཡོད་འདུག དེ་བཞིན་ཕྱི་ལོ་ ༡༩༨༥ ནས་ ༡༩༨༧ བར་ལྷོ་ཁ་ཚོང་ལས་ཟས་རིགས་ལས་སྣོན་བཟོ་གྲྭའི་འགན་འཛིན་གཞོན་པའི་འགན་ཁུར་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོ་ནས་ ༡༩༩༦ བར་ལྷོ་ཁ་ཆུ་གསུམ་རྫོང་གི་རྫོང་དཔོན་གཞོན་པའི་འགན་ཁུར་ཡོད་འདུག ཕྱི་ལོ་ ༡༩༩༦ ནས་ ༡༩༩༨ བར་ལྷོ་ཁ་འཆར་འགོད་ལྷན་ཁང་གི་འགན་འཛིན་གཞོན་པའི་འགན་ཁུར། ཕྱི་ལོ་ ༡༩༩༨ ནས་ ༡༩༩༩ བར་ལྷ་ས་འབྲུ་རིགས་གསོག་འཇོག་ཁང་གི་འགན་འཛིན་གཞོན་པ་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༥ བར་ལྷ་ས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་མགོ་འཁྲིད་གཞོན་པ་དང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་ལྷ་ས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་མགོ་འཁྲིད་གཙོ་བོ་བཅས་ཀྱི་འགན་འཁུར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༢༡

Leave a Reply