ཀུན་དགའ་ཚེ་རིང་དྷ་སའི་ས་གནས་མགོ་འཛིན་དུ་བདམས།

སྐབས་ལྔ་པའི་དྷ་ས་ས་གནས་མགོ་འཛིན་འོས་བསྡུའི་ཁྲོད་ཀུན་དགའ་ཚེ་རིང་ལགས་ལ་འོས་གྲངས་ ༦༠༥ ཐོབ་སྟེ་འདེམས་ཐོན་བྱུང་འདུག 

ཁ་སང་ཕྱི་ཚེས་ ༢༡ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་གནང་བ་ལྟར། འོས་མི་འཕྲིན་ལས་བྱམས་པ་ལགས་ལ་འོས་གྲངས་ ༥༠༧ དང་། ཀུན་དགའ་ཚེ་རིང་ལགས་ལ་འོས་གྲངས་ ༦༠༥ ཐོབ་སྟེ་ཁོང་སྐབས་ ༥ པའི་དྷ་ས་ས་གནས་མགོ་འཛིན་དུ་བདམས་ཐོན་བྱུང་ཡོད་འདུག

འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་འོས་ཐོབ་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་ནས་ལས་མགོ་ག་དུས་འཛུགས་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ས་གནས་མགོ་འཛིན་གྱི་ལས་ཡུན་འདི་ལོའི་ཕྱི་ཟླ ༦ ཚེས་ ༡༤ ཉིན་རྫོགས་ཀྱི་ཡོད་པས་ཚེས་ ༡༥ ཉིན་ནས་འོས་ཐོབ་ས་གནས་མགོ་འཛིན་གསར་པའི་ལས་འགན་དངོས་སུ་འཁུར་གྱི་ཡོད་པ་རེད། དེ་རིང་ས་གནས་འོས་བསྡུ་ལས་ཁང་ངོས་ནས་འོས་གྲངས་ཞིབ་བཤེར་བྱས་ནས་ཕྱག་བྲིས་ཡར་ཕུལ་ཟིན་པ་རེད། བཀའ་ཤག་གིས་ས་གནས་མགོ་འཛིན་དེའི་དབང་ཚད་དང་ཐོབ་ཐང་། སྒྲིག་གཞི་ཅི་ཡོད་སོགས་ཀྱི་བཀོད་ཁྱབ་དེ་རྗེས་ལ་བཏང་ཡོང་གི་རེད། ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་གསར་དུ་འདེམས་ཐོན་བྱུང་བའི་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་འོས་བསྡུར་རྒྱལ་ཁ་ཐོབ་པར་ཚོར་སྣང་ག་རེ་བྱུང་དྲིས་པར་ཁོང་གིས།སྤྱིར་བཏང་དགའ་པོ་བྱུང་སོང་མོད། འོན་ཀྱང་། ལས་འགན་འདི་ལྗིད་པོ་དང་གལ་ཆེན་པོ་ཞིག་ཡིན་པས། སེམས་ནང་ག་ཚོད་ཐུབ་ཐུབ་ཀྱིས་ལས་འཁུར་ཞུ་བར་འབད་བརྩོན་ཞུ་རྒྱུ་ཡིན་བསམ་བསྡད་ཡོད།ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་དྷ་རམ་ས་ལ་ནི་༧གོང་ས་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཡིན་པས་ས་གནས་མགོ་འཛིན་གྱི་མིང་ཐོག་ནས་མ་འོངས་པར་འཆར་གཞི་ག་རེ་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་འཆར་གཞི་དམིགས་བསལ་གང་ཡང་མེད་ནའང་། གཙོ་བོ་ས་གནས་མགོ་འཛིན་གོང་མ་ཚོའི་ཡུལ་མི་དང་བོད་རིགས་ནང་ཁུལ་མཐུན་སྒྲིལ། དེ་བཞིན། ཉམ་ཐག་ལ་རོགས་སྐྱོར་སོགས་ཀྱི་ཕྱག་ལས་རྒྱུན་སྐྱོང་གནང་རྒྱུ་དེ་རེད། གཞན་འདི་དང་འདི་བྱ་རྒྱུ་ཡིན་བསམ་པ་ཞིག་མེད་ལ། མ་འོངས་པར་དུས་དང་སྐབས་ལ་བསྟུན་པའི་ལས་གཞི་ག་རེ་བསྒྲུབ་དགོས་ནའང་བསྒྲུབ་ཀྱི་ཡིན། ཞེས་བརྗོད་བྱུང་།

ཐེངས་འདིའི་ས་གནས་མགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་ནང་ཁྱོན་མི་གྲངས་ ༨༧༠ ཡི་ཆ་ཤས་བླངས་ཡོད་པ་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཞིར་བཟུང་གིས་དངོས་གཞིའི་འོས་མི་ ༢ མ་གཏོགས་མེད་པ་དང་། དངོས་གཞིའི་འོས་བསྡུའི་སྐབས་ཁྱོན་མི་གྲངས་ ༡༡༢༩ ཡིས་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༢

Leave a Reply

One thought on “ཀུན་དགའ་ཚེ་རིང་དྷ་སའི་ས་གནས་མགོ་འཛིན་དུ་བདམས།