མཇལ་འཕྲད་གནང་མ་ཐུབ་པའི་སྐོར་ལ་ཕོ་བྲང་ནས་གསལ་བཤད་གནང་།

རྒྱ་ནག་གཞུང་ནས་ལན་གསལ་པོ་མ་གནང་བར་བརྟེན་༧གོང་ས་མཆོག་དང་ཞི་ཅིན་ཕིན་རྣམ་གཉིས་མཇལ་འཕྲད་གནང་ཐུབ་མེད་སྐོར་དགའ་ལྡན་ཕོ་བྲང་ནས་གསལ་བཤད་གནང་འདུག

རྒྱལ་སྤྱིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ཕྱི་ཚེས་ ༢༡ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས།  ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ལ་ཕེབས་སྐབས། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་འཛིན་ཞི་ཅིན་ཕིན་རྣམ་གཉིས་མཇལ་འཕྲད་གནང་ཐབས་ཀྱི་འཆར་གཞི་ཞིག་བཟོས་ཡོད་ནའང་། རྒྱ་ནག་གཞུང་ཕྱོགས་ནས་ལན་ཁ་གསལ་ཞིག་བྱུང་ཡོད་པ་མ་རེད། དེ་བས་རྒྱ་གར་གཞུང་ནས་མཇལ་འཕྲད་དེར་དོགས་ཟོན་གནང་དགོས་པའི་གཞི་རྩ་ཡོད་པ་མ་རེད། ཅེས་གསུངས་འདུག

མཇལ་འཕྲད་གནང་མ་ཐུབ་པའི་གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་ཐོན་ཏེ་གླེང་སློང་མང་པོ་བྱུང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་དབྱིན་ཡུལ་གྷར་ཌན་གསར་ཁང་(The Guardian)ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་གནས་ཚུལ་ཞིག་བཏང་བའི་ནང་། མཇལ་འཕྲད་ཀྱི་གནས་ཚུལ་དེ་ནི་གཞི་རྩ་མེད་པ་ཞིག་དང་། ༧རྒྱལ་བ་སྐུ་ཕྲེང་ ༡༤ པ་མཆོག་ལ་བཟུང་བའི་རྒྱ་ནག་གཞུང་གི་སྲིད་བྱུས་འགྱུར་མེད་དང་ཁ་གསལ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཁོང་ཚོའི་མཐོང་ལམ་གྱི་རྒྱ་གར་(Defining India: Through Their Eyes)ཞེས་པའི་དཔེ་དེབ་འགྲེམ་སྤེལ་གྱི་མཛད་སྒོའི་སྟེང་རྩོམ་པ་པོ་སོ་ནི་ཡ་སིན་(Sonia Singh)ལགས་ཀྱིས། ངའི་བཅར་འདྲིའི་བརྒྱུད་རིམ་ཁྲོད་ནས་ཆེས་ཁྱད་པར་བ་ཞིག་ནི། ང་རང་དྷ་རམ་ས་ལར་ཕྱིན་ཏེ་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་སྐབས་ཁོང་གིས་སྲིད་དོན་གྱི་བཀའ་མོལ་གནད་འགག་ཅན་ཞིག་གསུངས་སོང་བ་དེ་ཡིན། ཞེས་བརྗོད་ཡོད་པ་དང་། རྒྱ་གར་གྱི་གྷར་ཌན་གསར་ཁང་གིས་སྤེལ་བའི་དེའི་སྐོར་གྱི་གནས་ཚུལ་ནང་དུ། ལྕམ་སོ་ནི་ཡཱ་སིན་ལགས་ཀྱི་བཅར་འདྲི་དེར་༧གོང་ས་མཆོག་གི་ཡིག་ཚང་ནས་བཀའ་འཁྲོལ་ཐོབ་སྟེ་བཀོད་པ་ཞིག་ཡིན་སྐོར་བརྗོད་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྷར་ཌན་གསར་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་གྱི་རྒྱ་གར་དབུས་གཞུང་གི་བོད་ཀྱི་གནད་དོན་སྐོར་གྱི་སློབ་སྟོན་པ་ཨ་མི་ཊབ་མཱ་ཊོར་ (Amitabh Mathur) ལགས་ཀྱིས། ཞི་ཅིན་ཕིན་ཐེངས་དང་པོར་རྒྱ་གར་ནང་གཞུང་འབྲེལ་གཟིགས་སྐོར་དུ་བསླེབས་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་འཛིན་ཞི་ཅིན་ཕིན་དང་མཇལ་འཕྲད་གནང་འདུན་ཡོད་སྐོར་གསུངས་པའི་གནས་ཚུལ་གོ་ཐོས་བྱུང་ཡང་། རྒྱ་ནག་ཕྱོགས་ནས་མཇལ་འཕྲད་དེ་དྭང་ལེན་གནང་ཡོད་མེད་དང་། རྒྱ་གར་གཞུང་ནས་ཐེ་བྱུས་གནང་ཡོད་མེད་ཤེས་རྟོགས་གང་ཡང་མ་བྱུང་། གལ་ཏེ་རྒྱ་གར་གཞུང་ནས་སྐབས་དེའི་མཇལ་འཕྲད་ལ་དགག་པ་གནང་ཡོད་པའི་དབང་དུ་བཏང་ནའང་རྒྱ་གར་གཞུང་ལ་རྒྱུ་མཚན་ཞིག་ཡོད་ངེས་རེད། ཅེས་གསུངས་འདུག

ཡང་ཁོང་གིས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་དྭང་ལེན་བྱས་ཡོད་པ་ཡིན་ན། དེ་ནི་རྒྱ་ནག་གིས་ཡུན་རིང་ནས་ལག་བསྟར་བྱེད་བཞིན་པའི་ལྡི་ལི་གཞུང་དང་བོད་མིའི་དབུ་འཁྲིད་བར་གྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ཐབས་ཀྱི་ལས་གཞིའི་ཆ་ཤས་ཤིག་ཡིན་སྲིད་པ་རེད། ཅེས་དང་། རྒྱ་ནག་གཞུང་ནས་རྒྱ་གར་གྱིས་མཇལ་འཕྲད་དེར་བཀག་འགོག་བྱེད་ངེས་ཡིན་པ་ཤེས་ཏེ་དྭང་ལེན་བྱས་པ་ཞིག་ཡིན་སྲིད་པ་རེད། ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༣

Leave a Reply

One thought on “མཇལ་འཕྲད་གནང་མ་ཐུབ་པའི་སྐོར་ལ་ཕོ་བྲང་ནས་གསལ་བཤད་གནང་།

  1. དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཚོས་གསུང་མི་དགོས་པ་གསུངས། ཕྱག་འཆང་མི་དགོས་སར་ཕྱག་འཆང་། གནད་འགག་གསལ་བཤད་ངེས་པར་དགོས་རིགས་ལ་མ་གསན་མ་གཟིགས་མདོག་མདོག་གནང་བ་འདི་རིགས་ཡག་པོ་མ་རེད། ད་དུང་་་་་