དབྱིན་ཡུལ་གྱི་སྲིད་བློན་གྱིས་རྩ་དགོངས་ཞུ་རྒྱུ་ཡིན་འདུག

དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་ནས་ལོགས་སུ་འཐོན་པའི་གྲོས་གཞི་དེར་གྲོས་ཚོགས་ནས་རྒྱབ་སྐྱོར་མ་ཐོབ་པར་བརྟེན་ཡུལ་དེའི་སྲིད་བློན་ཐེ་རི་སཱ་མའེ་ལགས་ཀྱིས་རྩ་དགོངས་ཞུ་རྒྱུ་ཡིན་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ལོགས་སུ་འཐོན་པའི་གྲོས་གཞི་དེར་ཁ་གཏད་སྲིད་དོན་ཚོགས་པ་གཙོ་བོར་གྱུར་བའི་གཞུང་འཛིན་སྲིད་དོན་ཚོགས་པ་ནང་ཁུལ་ལའང་ལངས་ཕྱོགས་མི་མཐུན་པ་ཆེན་པོ་ཡོང་གི་ཡོད་སྟབས། དེ་རིང་ཡུལ་དེའི་སྲིད་བློན་ལྕམ་ཐེ་རི་སཱ་མའེ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། བློ་འགྱོད་དང་བཅས་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་ཡང་གསར་འགོད་ལྷན་ཚོགས་དེའི་ཐོག་ལྕམ་ཐེ་རི་སཱ་མའེ་ལགས་ཀྱིས། འདས་པའི་ལོ་ ༣ རིང་མི་མང་གི་མངོན་འདོད་ལྟར་ངས་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ལོགས་སུ་འཐོན་པར་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། དེ་བཞིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་མགོ་འཁྲིད་ཁག་དང་ལྷན་དུ་གྲོས་མོལ་བྱས་པ་སོགས་ཐབས་ཤེས་ཡོད་རྒུ་བཏོན་ནའང་། དོན་འབྲས་མ་ཐོན་པ་དེར་བློ་འགྱོད་ཆེན་པོ་ཡོད། ཅེས་བརྗོད་འདུག

ཡང་ཁོང་མོས། རང་ཉིད་ལ་སྲིད་བློན་གྱི་ཕྱག་ལས་གནང་བའི་གོ་སྐབས་བྱུང་བ་ནི་མི་ཚེའི་ནང་གི་གཟི་བརྗིད་ཆེན་པོ་ཞིག་ཏུ་རྩི་ཡི་ཡོད་ལ། མོ་རང་དབྱིན་ཡུལ་གྱི་བུད་མེད་སྲིད་བློན་ཐེངས་ ༢ པ་དེ་ཆགས་ཡོད་པ་དང་། མ་འོངས་པར་མུ་མཐུད་བུད་མེད་སྲིད་བློན་ཞིག་འདེམས་ཐོན་ཡོང་བའི་རེ་སྐུལ་དང་སྦྲགས། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༧ ཉིན་སྲིད་བློན་གྱི་གོ་གནས་ནས་རྩ་དགོངས་ཞུས་ཏེ། སྲིད་བློན་གསར་པ་ཞིག་འདེམས་ཐོན་མ་བྱུང་བར་དུ་སྲིད་ཚབ་ཀྱི་ལས་འགན་འཁུར་རྒྱུ་ཡིན་སྐོར་བརྗོད་འདུག

ལྕམ་ཐེ་རི་སཱ་མའེ་ལགས་ཀྱི་གཞུང་འཛིན་ཚོགས་པས་ཡུན་རིང་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ལོགས་སུ་ཐོན་པའི་གྲོས་འཆར་དེ་ལག་བསྟར་ཡོང་བར་འབད་བརྩོན་རིམ་པར་བྱས་ཡོད་པ་དང་། སྲིད་བློན་གྱི་ཐག་གཅོད་དེར་གྲོས་ཚོགས་འཐུས་མི་དང་། བློན་ཆེན་ལྷན་ཁང་གི་བློན་ཆེན་སོགས་གནད་ཡོད་མི་སྣ་གང་འཚམ་ཞིག་གིས་རྒྱབ་སྐྱོར་དང་བསྔགས་བརྗོད་བྱེད་ཀྱི་ཡོད་འདུག

གཞུང་འཛིན་ཁ་གཏད་ཚོགས་པའི་ཚོགས་གཙོ་ཇི་རི་མེ་ཀོར་བྷེན་(Jeremy Corbyn)གྱིས།  ཐེ་རི་སཱ་མའེ་ལགས་ཀྱིས་སྲིད་གཞུང་འཛིན་སྐྱོང་བྱེད་མི་ཤེས་པ་ཙམ་མ་ཟད། ཐ་ན་ཁ་འཐོར་དུ་སོང་བའི་རང་ཉིད་ཀྱི་སྲིད་དོན་ཚོགས་པ་སྟངས་འཛིན་བྱེད་ཤེས་ཀྱི་མེད་སྟབས། མོས་དགོངས་པ་ཞུས་པ་དེ་ཏག་ཏག་རེད། མ་འོངས་པར་སུ་ཞིག་སྲིད་བློན་ཆགས་པ་ཡིན་ནའང་གང་མགྱོགས་རྒྱལ་ཡོངས་འོས་བསྡུ་བྱས་ཏེ། ང་ཚོའི་རྒྱལ་ཁབ་ཀྱི་མ་འོངས་པ་མི་མང་ལ་ཐག་གཅོད་པའི་དབང་ཆ་སྤྲོད་དགོས་ཡོད། ཅེས་བརྗོད་འདུག

ལྕམ་ཐེ་རི་སཱ་མའེ་ལགས་ཕྱི་ལོ་ ༡༩༧༧ ལོར་ཨོ་ཁུ་སི་ཧྥོར་ཌི་གཙུག་ལག་སློབ་གཉེར་ཁང (Oxford) ནས་ས་ཁམས་རིག་པའི་ཐོག་བསླབ་པ་མཐར་ཕྱིན་རྗེས། དབྱིན་ཡུལ་དངུལ་ཁང་ཆེན་མོའི་ནང་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་ཐོག་དང་པོར་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་། ཕྱི་ལོ་ ༢༠༠༢ ནས་ལོ་གཅིག་རིང་རྙིང་ཞེན་ཚོགས་པའི་ (Conservative Party) ཚོགས་གཙོའི་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༦ བར་ནང་སྲིད་དྲུང་ཆེའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ནང་ནས་བཟུང་དབྱིན་ཡུལ་གྱི་བུད་མེད་སྲིད་བློན་གཉིས་པ་དེ་ཆགས་ཡོད་འདུགཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༦ པའི་ནང་དབྱིན་ཡུལ་གྱི་རྒྱལ་ཡོངས་ནང་ཡུལ་དེ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་ནས་ལོགས་སུ་འཐོན་དགོས་མིན་ཐད་འོས་བསྡུ་བྱེད་སྐབས་འོས་བརྒྱ་ཆ་ ༥༢ ཙམ་ཐོབ་སྟེ་མང་མོས་ཐོག་ཐག་གཅོད་གནང་ཡོད་པ་དང་། སྐབས་དེའི་སྲིད་བློན་ཌཱ་ཝེ་ཌི་ཁཱ་མི་རོན་ (David Cameron) ལགས་ཀྱིས། གལ་སྲིད་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐོན་པ་ཡིན་ན། ཁོང་གིས་རྒྱལ་ཁབ་དེའི་མ་འོངས་པའི་ཉེན་ཁར་འགན་ལེན་བྱེད་ཐབས་མེད་སྐོར་བརྗོད་དེ་རྩ་དགོངས་ཞུས་ཡོད་པ་རེད། དེའི་རྗེས་ལྕམ་ཐེ་རི་སཱ་མའེ་ལགས་ཀྱི་སྲིད་གཞུང་གསར་པའི་ངོས་ནས་འདས་པའི་ལོ་ ༣ རིང་གྲོས་གཞི་དེར་གྲོས་ཚོགས་ནས་རྒྱབ་སྐྱོར་འཐོབ་ཐབས་དང་། ཡུ་རོབ་མཉམ་འབྲེལ་གྱི་དཔོན་རིགས་ལྷན་དུ་གྲོས་མོལ་ཐེངས་མང་གནང་ཡོད་ཀྱང་། ཉེ་སྔོན་ཕྱི་ཟླ་ ༤ པའི་ནང་བསྐྱར་དུ་གྲོས་ཚོགས་ནས་དགག་པ་བྱུང་སྟེ་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་བར་དུ་ཕྱིར་འགྱངས་བྱེད་དགོས་ཁེལ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༠/༠༨

Leave a Reply

5 thoughts on “དབྱིན་ཡུལ་གྱི་སྲིད་བློན་གྱིས་རྩ་དགོངས་ཞུ་རྒྱུ་ཡིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    མ་འཇོན་ན་ངུས་ནས་ཕན་ལེ་མ་རེད་ལ་བགད་ནས་ཕན་ལེ་མ་རེད་
    བཟང་སྤྱོད་དང་ཁྲིམས་མཐུན་རྒྱུད་ནས་རྩ་དགོང་ཞུ་རྒྱུ་དེ་ལས་གལ་
    ཆེ་བ་མེད་ན་ང་ཚོ་ཡང་དེ་ལ་མིག་བལྟ་དགོས་པ་ནི་བཟང་སྤྱོད་དང་
    འབྲེལ་བ་གཏིང་ཟབ་ཡོད་པ་བཅས།