ཁ་ཤགས་སྒྱུ་རྩལ་བ་འཇམ་དབྱངས་བློ་གྲོས་འདས་གྲོངས་སུ་ཕྱིན།

མགོ་ལོག་རྟ་བོ་ནས་ཡིན་པའི་ཁ་ཤགས་སྒྱུ་རྩལ་བ་དང་རྩོམ་པ་པོ་འཇམ་དབྱངས་བློ་གྲོས་ལགས་ཁ་སང་ཟི་ལིང་གྲོང་ཁྱེར་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་དགོང་མོར། བོད་ཀྱི་བཞད་གར་དང་ཁ་ཤགས་སྒྱུ་རྩལ་བ་འཇམ་དབྱངས་བློ་གྲོས་ལགས་ཟི་ལིང་གི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་སོང་ཡོད་པ་དང་། བོད་ནང་གི་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། མདང་ནུབ་འདས་གྲོངས་སུ་ཕྱིན་པ་དངོས་གནས་རེད་འདུག ཡིན་ནའང་། ད་ལྟའི་ཆར་ཁོང་གི་གྲོངས་རྐྱེན་སྐོར་ལ་ཁ་ཤས་ཀྱིས་ཁྲག་ཤེད་མཐོ་དྲག་ནས་གྲོངས་བ་དང་། ཡང་ཆང་རག་གིས་གྲོངས་བ་རེད་ཟེར་མཁན་ཡང་ཡོང་གི་ཡོད་སྐོར་བརྗོད་བྱུང་།

འཇམ་དབྱངས་བློ་གྲོས་ལགས་ནི་མགོ་ལོག་ཁུལ་རྟ་བོ་གླུ་གར་ཚོགས་པའི་ལས་བྱེད་ཅིག་ཡིན་པ་དང་། ཁོང་སྐྱེས་ས་མགོ་ལོག་པདྨ་རྫོང་མདོ་གོང་མ་ཡིན་འདུག ཁོང་ཆུང་དུས་གྲྭ་པ་བྱས་ཏེ་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་གནང་ཡོད་པ་དང་། ཁོང་གིས་བོད་ཀྱི་གསོ་བ་རིག་དང་རྒྱ་སྨན་ལ་སློབ་སྦྱོང་གང་ལེགས་གནང་ཡོད་འདུག ཕྱིས་སུ་གྲྭ་པ་ལོག་སྟེ་རང་གི་དགའ་མོས་ལྟར་ཁ་ཤགས་སྒྱུ་རྩལ་གྱི་ལམ་དུ་ཞུགས་ཏེ། ད་བར་དུ་རྟ་གྱོད་བཤད་པ་སྟོད་སྨད་བར་གསུམ་གཙོའི་བོད་ཁུལ་གྱི་འཕྲོད་བསྟེན་སློབ་གསོ་དང་འཚོ་བའི་ཀུན་སྤྱོད། ས་རྩོད་ཆུ་རྩོད་དང་མི་གྱོད་རྟ་གྱོད་སོགས་བརྗོད་བྱར་བཟུང་བའི་ཁ་ཤགས་དང་། གར་ཆུང་མང་པོ་འཁྲབ་སྟོན་བྱས་ཏེ་བོད་ཡུལ་དུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད། ཁོང་ནི་རྩོམ་པ་པོ་དང་སྙན་ངག་པ་ཞིག་ཀྱང་ཡིན་པས་ལོ་མང་རིང་མཚོ་སྔོན་པོ་དྲ་བ་སོགས་སུ་སྒེར་གྱི་ཟིན་བྲིས་མང་པོ་སྤེལ་ཡོད་པ་མ་ཟད། དེ་བཞིན་གེ་སར་གླིང་སྒྲུང་སྐོར་ནས་ཤན་འདན་སྟག་སེང་ཁ་སྤྲོད་ཞེས་པའི་འཁྲབ་གཞུང་ཞིག་བརྩམས་པ་དེར་མཚོ་སྔོན་ཁུལ་རིམ་པའི་བྱ་དགའ་ཐོབ་ཡོད་འདུག

ཁོང་གིས་མཚོ་སྔོན་པོ་དྲ་བའི་སྒེར་གྱི་ཟིན་བྲིས་སྟེང་། མི་ཚེ་འདིར་བོད་ཡིག་དང་བོད་སྐད་ཀྱི་ལམ་ནས་སྒྱུ་རྩལ་ལ་བརྩོན་ཁུལ་བྱེད་མཁན་ཞིག་ཏུ་གྱུར་བ་ནས་བཟུང་། མི་རིགས་འདི་ལ་སྲི་ཞུ་སྒྲུབ་རྒྱུ་དང་འདི་ལ་ཕན་པའི་རྒྱུ་གང་ཞིག་གི་ཆེད་ཏུ་དཀའ་ངལ་སྟོང་གི་ཐོད་པ་བརླན་ཡང་འགྱོད་པ་མེད་སེམས་ཀྱིན་ཡོད། ཞེས་བྲིས་འདུག

ཕྱི་ལོ་ ༢༠༡༠ སྟེ་ཡུལ་ཤུལ་དུ་ས་ཡོམ་ཆེན་པོ་བྱུང་ནས་མི་གྲངས་ ༢༥༠༠ ལྷག་རྐྱེན་འདས་སུ་ཕྱིན་པའི་ལོ་དེར། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་སོ་སོ་ནས་ལོ་སར་དགོང་ཚོགས་སོགས་སྤྲོ་སྐྱིད་འདུ་ཚོགས་རིགས་བསྡུ་རུ་བཅུག་ཡོད་པ་ལྟར། མགོ་ལོག་གི་ལོ་སར་དགོང་ཚོགས་གྲ་སྒྲིག་ཚོགས་འདུའི་ཐོག་སྒྱུ་རྩལ་བ་འཇམ་དབྱངས་བློ་གྲོས་ལགས་སུ་ཁ་ཤགས་ཤིག་གྲ་སྒྲིག་དགོས་སྐོར་བརྗོད་སྐབས། ཁོང་གིས་ད་ལོ་ནི་རང་རེའི་ཤ་རུས་ཁྲག་རྒྱུན་གཅིག་པའི་བོད་རིགས་སྤུན་ཟླ་སྟོང་ཚོ་ནས་ཁྲི་ཚོ་བརྒྱུད་དེ་ཡུལ་ཤུལ་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་སོང་། འུ་ཅག་ཤུལ་ལྷག་བོད་མི་རྣམས་ཀྱིས་མྱ་ངན་ཞུ་བའི་དགོང་ཚོགས་ཤིག་མ་བསྡུས་ན་ལོ་སར་དགོང་ཚོགས་འཚོགས་རྒྱུའི་ཡི་ག་གཏན་ནས་མེད། མི་སྐྱིད་ཐོག་བདེ་ཐོག་ན་ཡོད་དུས་ང་ཚོ་བོད་རིགས་སྤུན་ཟླ་ཕུ་ནུ་ཡིན། ང་ཚོ་གངས་ཅན་པའི་དཔུང་རྡང་མཉམ་གཤིབ་དགོས། ངེད་ཚང་གི་ལ་རྒྱ་ཞེས་ཀི་འབོད་བྱེད་པ་མ་ཡིན་ནམ། འདི་ཙམ་ང་ཚོས་ཁ་མཐུན་གྲོས་འགྲིག་མ་བྱུང་ན་ཤི་གསོན་ཀུན་ཁྲེལ་མི་ཡོང་ངམ། ཞེས་རྒོལ་གཏམ་བཏང་ཡོད་པ་རེད།

ཡང་ཕྱི་ལོ་ ༢༠༡༨ ལོར་ཁོང་གིས་ཕྱི་སྡོད་བོད་མི་ཚོར་སྨྲས་པ་ཞེས་པའི་རྩོམ་ཡིག་ཅིག་བྲིས་ཏེ་བོད་ཕྱི་ནང་གཉིས་སུ་གླེང་སློང་མང་པོ་བྱུང་ཡོད་པ་དང་། རྩོམ་ཡིག་དེའི་ནང་མི་བསད་གྱོད་ཕམ་ཐམས་ཅད་རྒྱ་གར་སོང་།། རྐུ་བྱས་བུ་ལོན་མ་སོད་རྒྱ་གར་སོང་།། རྒྱ་གར་སླེབ་དུས་ལ་རྒྱ་ཡོད་མདོག་ཅན།། ཁྱོད་ཚོ་མྱི་ཞིག་མ་རེད་ཁྱི་ཞིག་རེད།། གྲྭ་པ་སྡོམ་པ་ཤོར་ཚད་རྒྱ་གར་བྲོས།། ཇོ་མོ་ཕྲུ་གུ་བསད་ཚད་རྒྱུ་གར་སོང་།། རང་ཁ་འབུ་ཁུང་ཙམ་དེ་མ་སོས་པར།། ད་དུང་ལ་རྒྱ་བཤད་པ་ངོ་ཚ་ཡིན།། བོད་ནས་ཁྲིམས་འགལ་ཡུལ་བུད་ས་མཐའ་འཁྱམ། རྒྱ་གར་སླེབ་དུས་མི་གྲལ་མ་ཚུད་པའི།། རྡ་སའི་ནགས་ཀྱི་ཁྱིམ་འཁྱམ་འདུ་ར་ནས།། ནམ་ཡང་ཟུག་ནས་མ་འདུག་ཁྱི་རྒན་ཚོ།། ཨ་རིར་སོང་ནས་མགོ་སེར་སྐྱག་ཁང་འཁྲུ།། ཡོ་རོབ་སླེབ་དུས་ཟས་ལྷག་འཕོ་གླ་ལེན།། ད་དུང་མི་རིགས་ལ་རྒྱ་ཡོད་མདོག་ཅན།། ཁྱེད་ཚོའི་འཇོན་ཐང་ང་ཚོས་ཤེས་ནས་ཡོད།། ཆོས་ལུགས་དབྱེ་འབྱེད་རྩོད་ནས་མ་འདུག་རོགས།། ཆོལ་ཁ་ཟེར་བཞིན་འཁྲུག་ནས་མ་འདུག་རོགས།། ཁྱི་ཚོགས་ཁྱེད་ཚོས་བཏང་བའི་སྐྱག་དྲི་ཡིས།། དྭངས་གཙང་བོད་ཀྱི་ཁོར་ཡུག་བརྫད་གྲབས་འདུག། ཅེས་བྲིས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༢༨

Leave a Reply

3 thoughts on “ཁ་ཤགས་སྒྱུ་རྩལ་བ་འཇམ་དབྱངས་བློ་གྲོས་འདས་གྲོངས་སུ་ཕྱིན།

  1. རྟ་བདུན་དབང་བོ

    རྩོམ་པ་པོ་འཇམ་དབྱངས་བློ་གྲོས་སྐུ་གཤེགས་པར་མྱ་ངན་ཞུ། ཁོང་དགུང་ལོ་ཅི་ཙམ་ཡིན་ནམ། དུས་བབས་ཚང་ནས་དགུང་ལོ་ཅི་ཙམ་ཡིན་མིན་གསལ་ཁ་མེད་པས་བློ་ཕམ་བྱུང་། །