འཁྲིག་སྤྱོད་ཀྱི་ཕན་ཡོན་བཅུ་གཅིག་མ།

འཁྲིག་སྤྱོད་ནི་འགྲོ་བ་མི་ཙམ་མ་ཟད་སྲོག་ཐོག་སེམས་ཅན་ཀུན་གྱིས་ལོངས་སུ་སྤྱོད་པ་ཞིག་དང་། ལོངས་སུ་སྤྱད་པ་ཙམ་མ་ཡིན་པར་རིགས་རྒྱུད་སྤེལ་ཐབས་ལ་ངེས་པར་མེད་ཐབས་མེད་པ་ཞིག་ཡིན་པ་དང་། འཁྲིག་སྤྱོད་ནི་རང་བྱུང་གི་བྱེད་ལས་གལ་ཆེན་ལྡན་པ་ཞིག་ཡིན། མིའི་རིགས་ལ་མཚོན་ན་འཁྲིག་སྤྱོད་ནི་ཚོད་ཚོད་དུ་སྤྱོད་ཤེས་པ་ཙམ་མ་ཡིན་པར་དེ་ཡི་གལ་ཆེའི་ཕན་ནུས་དང་འཁྲིག་སྤྱོད་ཀྱི་བདེ་ཐང་སོགས་རྒྱུན་ཤེས་གལ་ཆེན་འདི་དག་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་པ་ལྟར། གཤམ་དུ་ང་ཚོས་ཚན་རིག་རང་བཞིན་གྱི་ཉམས་ཞིབ་གྲུབ་དོན་ལས་འཁྲིག་སྤྱོད་ལ་ཕན་ནུས་ག་འདྲ་ཡོད་པ་སོགས་བསྒྱུར་སྒྲིག་བྱས་ཡོད།གཅིག འཁྲིག་སྤྱོད་ནི་རང་བྱུང་གི་བྱེད་ནུས་ཆེན་པོ་ལྡན་པ་ཞིག་ཡིན་པས་ལོ་ཚད་རྒས་མ་རན་གོང་ནས་ངོ་གདོང་གཉེར་མས་གང་བ་དང་གཟུགས་གཞིའི་ནུས་ཤུགས་ཤོར་བ་སོགས་མི་ཡོང་བར་ཕན་ཐོགས་ཆེན་པོ་ཡོད། སི་ཀོ་ཊི་ལན་ཊིའི་རའོ་ཡཱལ་ཨེ་དྷན་བྷར་གྷི་(Royal Edinburgh Hospital)སྨན་ཁང་གི་དབང་རྩའི་སེམས་ཁམས་རིག་པའི་སྨན་རམས་པ་སྐུ་ཞབས་དྷེ་ཝེ་དྷི་(Dr David)ཡིས་ལོ་ངོ་ ༡༠ ཡི་རིང་འཁྲིག་སྤྱོད་ཀྱི་ཕན་ནུས་སྐོར་ལ་ཉམས་ཞིབ་བྱས་པ་ལྟར་ན།  སྐྱེས་པ་དང་བུད་མེད་སུ་ཞིག་ཡིན་ཡང་དུས་རྒྱུན་ཚད་དང་ལྡན་པའི་འཁྲིག་སྤྱོད་བྱས་པ་ཡིས། ཁོ་ཚོ་ནམ་རྒྱུན་གྱི་ལོ་ཚད་ལས་ལོ་ ༥ ནས་ ༧ བར་གྱི་གཞོན་ཤ་ལྡན་པ་དང་གསོན་ཉམས་དོད་པོར་སྡོད་ཐུབ་ཀྱི་ཡོད་པ་དང་། ད་དུང་འཁྲིག་སྤྱོད་བདེ་ཐང་ཕན་ནུས་ཞིབ་འཇུག་ཁྲོད་ནས་ཤེས་རྟོགས་བྱུང་བ་ནི་འཁྲིག་སྤྱོད་ལ་ཆེས་གལ་ཆེ་བ་ནི་གྲངས་ཀ་མ་ཡིན་པར་སྤུས་ཚད་གཙོ་བོ་ཆགས་ཡོད་པ་དང་། མི་ཞིག་གིས་བདུན་ཕྲག་གཅིག་གི་ནང་འཁྲིག་པ་ཐེངས་གཉིས་ལ་སྤྱད་ན་ཚད་དང་ལྡན་པར་བཤད་ཡོད་འདུག

གཉིས། ཞིབ་འཇུག་པ་ཚོས་བདུན་གཅིག་ནང་རྒྱུན་ལྡན་འཁྲིག་སྤྱོད་ཐེངས་གཉིས་རེ་བྱེད་མཁན་ཚོའི་གཟུགས་པོའི་ནད་རིགས་སྔོན་འགོག་གི་ཕྲ་ཕུང་(IgA)གི་ཚད་གཞི་དེ་འཁྲིག་སྤྱོད་ཡུན་རིང་མི་བྱེད་མཁན་དང་། ཡང་ན་འཁྲིག་སྤྱོད་ཚད་གཞི་མི་ལོང་བ་ཚོ་ལས་བརྒྱ་ཆ་ ༣༠ ཡག་པོ་ཡོད་སྐོར་བརྗོད་ཡོད་པ་དང་། ནད་རིགས་སྔོན་འགོག་གི་ཕྲ་ཕུང་དེ་ཅི་ཙམ་མང་པོ་དང་ཡག་པོ་ཡོད་ན་ཆམ་ནད་རིགས་དང་གཟུགས་པོའི་ནད་འབུ་ཕྲ་མོ་རིགས་ཡར་ལངས་མི་ཐུབ་པར་ཕན་ནུས་ཆེན་པོ་ཡོད་འདུག

གསུམ། སྤྱིར་ན་འཁྲིག་སྤྱོད་ནི་ག་དུས་བྱས་ཀྱང་ཕན་ཐོགས་ཡོད་ཡོད་པ་གང་ཞིག་ལ། འཁྲིག་སྤྱོད་ཀྱིས་སེམས་ཁམས་སྐྱིད་པོ་དང་ལུས་ཕུང་བདེ་བོ་དང་རྩ་ལམ་ཡངས་པོ་ཆགས་པར་ཕན་ནུས་ཆེན་པོ་ཡོད་པ་དང་། ཉམས་ཞིབ་པ་ཚོས་ལྷག་པར་དུ་ཞོགས་པར་འཁྲིག་སྤྱོད་བྱས་ན་ཉིན་གང་བོར་སེམས་ཁམས་སྐྱིད་པོ་དང་གཟུགས་པོ་བདེ་ལྷོད་དང་རྩ་ཁམས་ཡངས་པོ་ཡོང་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཨ་རིའི་ཚན་རིག་པ་ལྕམ་དྷ་བྷེ་ཧེར་བྷ་ནེག(Dr Debby Herbenick)ལགས་ཀྱིས། ཞོགས་པར་འཁྲིག་སྤྱོད་བྱེད་མཁན་ཚོར་སེམས་ཁམས་ལ་ཕན་པ་ཙམ་མ་ཟད་ནད་འགོག་བྱེད་ནུས་(Immune system)ཡག་པོ་ཡོང་བཞིན་ཡོད་པ་དང་། ཞོགས་པར་གཉིད་ལས་སད་པ་དང་ཡར་ལངས་ཏེ་ཞོགས་ཇ་ཟས་ནས་ལས་ཀར་འགྲོ་མཁན་དང་། ཞོགས་པར་གཉིད་ལས་སད་རྗེས་འཁྲིག་སྤྱོད་བྱེད་མཁན་ཚོའི་བདེ་ཐང་ལ་བར་ཁྱད་ཆེན་པོ་ཡོད་སྐོར་བརྗོད་འདུག

བཞི། འཁྲིག་སྤྱོད་ཀྱིས་མིའི་རུས་པར་ངར་ཤུགས་ཡོང་བ་མ་ཟད་རུས་ནད་སྔོན་འགོག་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། བུད་མེད་ཚོར་ཟླ་མཚན་བབས་རྗེས་ལུས་ཟུང་ཉམ་ཐག་ཆགས་པ་དང་སྐུལ་རྒྱུ་ཇེ་ཉུང་དུ་སོང་སྟེ་རུས་ནད་རིགས་བྱུང་བར་འཁྲིག་སྤྱོད་ཀྱིས་སྲུང་སྐྱོབ་ཆེན་པོ་ཡོང་གི་ཡོད་པ་དང་། ལྷག་པར་དུ་འཁྲིག་སྤྱོད་སྐབས་དང་འཁྲིག་སྤྱོད་རྗེས་སུ་མོ་གཤིས་སྐུལ་རྒྱུ་(Oestrogen)དང་ཕོ་གཤིས་སྐུལ་རྒྱུའི་(Testosterone)ནུས་ཚད་འཕར་ཏེ། སྐྱེས་པ་དང་བུད་མེད་གཉིས་ཀྱི་རུས་སོབ་ནད་(Osteoporosis)ལས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། སྐུལ་རྒྱུ་ནི་མིའི་གཟུགས་པོའི་བྱེད་ནུས་གལ་ཆེན་ཞིག་ཡིན་པ་དང་རྫས་ཏེ་མིའི་ཁྲག་རྒྱུན་བརྒྱུད་གཟུགས་པོར་ཁྱབ་སྟེ་གཟུགས་པོར་ངར་ཤུགས་སྤྲོད་པའི་ཟག་རྫས་རིགས་ཤིག་ཡིན་པ་རེད།

ལྔ། རྒྱུན་ལྡན་འཁྲིག་སྤྱོད་བྱེད་བཞིན་ཡོད་པའི་སྐྱེས་པ་ཚོར་གཅིན་ལྒང་གི་ཁ་རྒྱུད་དུ་གནས་པའི་སྐྱེས་འཕེལ་མ་ལག་གི་རྨེན་བུར་སྐྲན་ནད་ཡོང་རྒྱུའི་ཉེན་ཁ་ཧ་ཅང་ཆུང་བ་དང་། དབྱིན་ཇིའི་ནཱོ་ཊན་གྷམ(Nottingham University)གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་སྡེ་ཚན་གྱིས་སྐྱེས་པ་ལོ་ན་ ༥༠ ཡན་ཟིན་པ་ཚོར་སྐྲན་ནད་དེ་བྱུང་བའི་ཉེན་ཁ་ཆེན་པོ་ཡོད་ན་ཡང་། འཁྲིག་སྤྱོད་ཀྱིས་གཅིན་ལྒང་གི་སྐྱེས་འཕེལ་མ་ལག་གི་སྐྲན་ནད་ཉེན་ཁ་སྔོན་འགོག་ཐུབ་པ་མ་ཟད། འཁྲིག་སྤྱོད་ཀྱིས་གཅིན་ལྒང་གི་སྐྱེས་འཕེལ་འབུ་ཕྲ་དག་གཙང་བཟོ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་ཉམས་ཞིབ་སྡེ་ཚན་མང་པོ་ཞིག་གིས་ཞིབ་འཇུག་གྲུབ་དོན་ཁྲོད་འཁྲིག་སྤྱོད་མི་བྱེད་མཁན་དང་གྲྭ་པ་ཚོར་སྐྲན་ནད་དེ་བྱུང་བའི་ཉེན་ཁ་ཆེན་པོ་ཡོད་སྐོར་སོགས་བརྗོད་ཡོད་འདུག

དྲུག འཁྲིག་སྤྱོད་ནི་རང་བྱུང་གི་ལུས་རྩལ་གལ་ཆེན་ཞིག་ཡིན་པ་དང་འཁྲིག་སྤྱོད་ཀྱིས་མཚན་མོ་གཉིད་མི་ཁུག་པ་དང་། ཡང་ན་གཉིད་མི་ཁུག་པའི་ནད་(Insomnia)ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཉམས་ཞིབ་པ་ཚོས་འཁྲིག་སྤྱོད་ཀྱི་བདེ་བར་རོལ་རྗེས་སྐྱེས་པ་དང་བུད་མེད་གཉིས་ཀའི་མཐར་ཐུག་གི་ཚོར་བདེ་(orgasm)ལྷོད་ཀྱི་ཡོད་པ་དང་། དེ་ཡིས་སྐུལ་རྒྱུ་གཟུགས་པོའི་མ་ལག་ཁག་བརྒྱུད་ནས་ལུས་ཁམས་ཡོང་ལ་ཁྱབ་སྟེ་ངལ་གསོའི་བདེ་སྣང་དང་གཉིད་ཡག་པོ་ཡོང་བར་ཕན་ཐོགས་ཡོད་སྐོར་བརྗོད་ཡོད་པ་དང་། སྤྱིར་ན་འཁྲིག་སྤྱོད་བྱས་རྗེས་ཚང་མར་ཚོར་བ་བདེ་སྣང་གི་རྐྱེན་གྱིས་གློ་བུར་གཉིད་ཁུག་པ་དང་གཉིད་འདོད་པའི་ཚོར་སྣང་གཅིག་གྱུར་དུ་བྱུང་གི་ཡོད་པས། འཁྲིག་སྤྱོད་ནི་ལུས་སེམས་གཉིས་ཀྱི་རང་བྱུང་གི་ལུས་རྩལ་གལ་ཆེན་ཞིག་ཡིན་འདུག

བདུན། སེམས་ཁམས་རིག་པའི་ཞིབ་འཇུག་པ་ཚོས་རྒྱུན་ལྡན་འཁྲིག་སྤྱོད་ལ་རོལ་མཁན་ཚོ་ནི་ནམ་རྒྱུན་འཁྲིག་སྤྱོད་མི་བྱེད་མཁན་དང་། ཡང་ན་འཁྲིག་སྤྱོད་གལ་ཆེན་པོ་མི་བརྩི་བར་སྟབས་བདེ་དང་ཡུན་ཐུང་ངང་བྱེད་མཁན་ཚོ་ལས་ཉོབ་སྣང་གི་སེམས་ཁམས་དང་། སེམས་ཁམས་མི་བདེ་བའི་ནད་སོགས་བྱུང་ཚད་ཉུང་ཉུང་ཡིན་པ་དང་། བརྟག་དཔྱད་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན་འཁྲིག་སྤྱོད་ལ་དོ་སྣང་མེད་མཁན་མང་པོ་ཞིག་གཅིག་པུ་དང་ཁེར་རྐྱང་ལ་འདུག་བསམ་པའི་ཚོར་སྣང་དང་། མི་ཚོགས་འདུ་ས་སོགས་སུ་སྐད་ཆ་བཤད་མི་བསམ་པ་སོགས་ཀྱི་ཉོབ་སྣང་གི་ནད་བྱུང་གི་ཡོད་ཀྱང་། འཁྲིག་སྤྱོད་སྐབས་ཕན་ཚུན་འཁྱུད་པ་དང་འཐམ་པ་སོགས་ཀྱིས་གཟུགས་པོའི་སྐུལ་རྒྱུ་ཁཱོར་ཊེ་སོལ་(cortisol)ཞེས་པ་ཉུང་དུ་གཏོང་གི་ཡོད་པ་དང་། སྐུལ་རྒྱུ་དེ་ནི་མིའི་གཟུགས་པོའི་ཉོབ་སྣང་སྐྱེད་བྱེད་ཀྱི་ནུས་རྒྱུ་ཆེན་པོ་ཞིག་ཡིན་འདུག

བརྒྱད། འཁྲིག་སྤྱོད་ཀྱིས་ཁྲག་ཤེད་མཐོ་བོ་ཆགས་པའི་ནད་གཞིར་ཕན་ཐོགས་ཆེན་པོ་ཡོད་པ་དང་། སི་ཀོ་ཊིའི་འཁྲིག་སྤྱོད་ཚན་རིག་པ་ཞིག་གིས་འཁྲིག་སྤྱོད་དུས་ལྟར་ཡག་པོ་བྱེད་མཁན་ཚོར་ཁྲག་ཤེད་མཐོ་བོ་དང་ཁྲག་ནད་རིགས་ལ་ཁ་གཏད་གཅོག་ཐུབ་པའི་གཟུགས་པོའི་ནུས་ཤུགས་དང་སྐུལ་རྒྱུ་ཡག་པོ་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཨ་རིའི་བྷ་རེ་གྷམ་ཡོན(Brigham Young ­University)གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཞིག་གིས་ཁྲག་ཤེད་མཐོ་བའི་སྙིང་ནད་རིགས་འཁྲིག་སྤྱོད་ཀྱིས་ཞི་འཇགས་ཡོང་ཐུབ་པ་དང་། དེ་བཞིན་ཨ་རིའི་ཁཱལ་ལེ་ཧྥ་ནེ་ཡ་གཙུག་ལག་སློབ་གྲྭའི་ཉམས་ཞིབ་པ་རྗོ་སི་ཧྥེ(Joseph J Pinzone)ཡིས་འཁྲིག་སྤྱོད་ཀྱིས་མིའི་སྙིང་ཁམས་འཕར་ལྡིང་གི་ཚད་གཞི་མཐོ་རུ་ཕྱིན་ཏེ་སྙིང་གི་བྱེད་ནུས་ཡག་རུ་གཏོང་ཐུབ་པ་དང་། བུད་མེད་གཅིག་གིས་བདུན་གཅིག་གི་ནང་ཚོར་བདེ་ཐེངས་གཉིས་ལ་མྱོང་ཐུབ་ན་སྙིང་རྩ་འགག་པའི་ཉེན་ཁ་བརྒྱ་ཆ་ ༣༠ ཇེ་ཉུང་དུ་འགྲོ་བར་བཤད།

དགུ། འཁྲིག་སྤྱོད་ཀྱིས་གཟུགས་པོའི་ནང་ལོག་གི་བདེ་ཐང་ལ་ཕན་པ་ཙམ་མ་ཟད། འཁྲིག་སྤྱོད་ཚད་ལྡན་དང་འཁྲིག་བདེ་ཡག་པོ་བྱུང་མཁན་ཚོར་རང་བཞིན་གྱིས་ལས་གཉེར་ཁྲོད་སྤོབས་པ་དང་གདེང་ཚོད་ཡོང་གི་ཡོད་པ་དང་། ཨ་རིའི་ཊེག་ས་(Texas)གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་གྱིས་འཁྲིག་སྤྱོད་ཀྱིས་མིའི་རང་མཐོང་དང་རང་ཉིད་ལ་བརྩི་བཀུར་གྱི་བསམ་བློ་སྐྲུན་ཐུབ་པ་མ་ཟད། འཁྲིག་བདེ་ཡག་པོ་མྱོང་ཐུབ་མཁན་ཚོར་རང་བཞིན་གྱིས་རང་ཉིད་ལ་ཡིད་ཆེས་ཡོང་གི་ཡོད་པ་དང་། ཕྱོགས་གཅིག་ནས་འཁྲིག་སྤྱོད་ཀྱིས་ཕྱིའི་མདོག་དང་ངོ་གདོང་སོགས་གཙང་མ་ཆགས་པ་མ་ཟད། འཁྲིག་སྤྱོད་ཀྱིས་ལུས་ཕུང་གི་འབུ་ཕྲ་དང་མི་གཙང་བ་མང་པོ་ཞིག་མེད་པ་བཟོ་ཐུབ་པས། ཤ་འཇམ་པོ་དང་གཉེར་མ་ཇེ་ཉུང་དུ་འགྲོ་ཐུབ་པ་སོགས་ལ་ཕན་ཐོགས་ཡོད་སྐོར་བརྗོད་འདུག

བཅུ། འཁྲིག་སྤྱོད་ཀྱིས་མིའི་གཟུགས་པོའི་ཚིལ་ཞག་དང་ལྗིད་ཚད་ཉུང་དུ་གཏོང་ཐུབ་པ་དང་། ནམ་རྒྱུན་མི་ཚོས་ཤ་རྒྱགས་པ་དང་གཟུགས་པོའི་ཚིལ་ཞག་ཇེ་ཉུང་དུ་གཏོང་ཆེད་རྐང་ཐང་ལ་འགྲོ་བ་དང་། ལུས་རྩལ་སྣ་ཚོགས་རྩེས་ནས་ལྗིད་ཚད་ཇེ་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད། གནད་དོན་དེའི་ཐད་ཨ་རིའི་འཁྲིག་སྤྱོད་བདེ་ཐང་ཆེད་མཁས་བ་སྨན་པ་ཨ་མེ་ཝལ་ཆི་ལིར(Dr. Amy Wechsler)གྱིས་འཁྲིག་སྤྱོད་ཐེངས་གཅིག་ལ་སྐྱེས་པའི་ལུས་ཕུང་གི་ཁེ་ལོ་རེ་(calories)བརྒྱ་ཆ་ ༡༠༠ དང་བུད་མེད་ཀྱི་ཁེ་ལོ་རེ་བརྒྱ་ཆ་ ༦༩ ལྷག་མེད་པ་གཏོང་གི་ཡོད་པ་དང་། དེ་ནི་མི་ཞིག་གིས་ལུས་རྩལ་ཤུགས་ཆེན་པོ་རྩེས་ཏེ་ཁེ་ལོ་རེ་མེད་པ་གཏོང་བའི་ཚད་གཞི་དང་གཅིག་པ་ཡིན་སྐོར་བརྗོད་ཡོད་པ་དང་། ཁེ་ལོ་རེ་ནི་མིའི་ལུས་ཕུང་གི་ནུས་པ་སྐྱེད་བྱེད་ཀྱི་ཚ་དྲོད་ལ་ཟེར་གྱི་ཡོད་པ་དང་། བོད་ཡིག་ནང་ཁེ་ལོ་རེ་ལ་ནུས་པའི་གཞི་རྩ་ཞེས་བྲིས་ཡོད་པ་རེད།

བཅུ་གཅིག བུད་མེད་ཕལ་ཆེ་བར་ཟླ་མཚན་འབབ་སྐབས་ཟུག་གཟེར་དང་ན་བ་ཚ་བ་སོགས་ཡོང་གི་ཡོད་པ་དང་། ཨ་རིའི་བུད་མེད་འཕྲོད་བསྟེན་ཚན་ཁག་གི་ཞིབ་འཇུག་པ་ཚོས་བུད་མེད་ཚོར་ཟླ་མཚན་འབབ་སྐབས་འཁྲིག་སྤྱོད་ཀྱིས་ཟླ་མཚན་གྱི་ན་ཟུག་གཅོག་ཐུབ་མིན་དང་ཕན་ཐོགས་ཡོད་མེད་སྐོར་ལ་བརྟག་དཔྱད་བྱེད་སྐབས།  བུད་མེད་ཕལ་ཆེ་བས་ཟླ་མཚན་འབབ་གྲབས་ཡོད་སྐབས་འཁྲིག་སྤྱོད་བྱས་ན་ན་ཟུག་མི་ཡོང་བར་ཕན་ཐོགས་ཡོད་སྐོར་བརྗོད་ཡོད་ཀྱང་། བུད་མེད་ཚང་མར་འཁྲིག་སྤྱོད་ཀྱིས་ཕན་པ་ཡོད་པའི་ངེས་པ་མེད་པ་རེད། སྤྱིར་འཁྲིག་སྤྱོད་ཀྱིས་དྷེ་པཱ་མཱན(dopamine)ཞེས་པའི་མིའི་རྩ་ཁམས་ལ་བྱེད་ནུས་བསྐྲུན་ཏེ་སྐུལ་རྫས་མང་པོ་ཞིག་ལུས་ཁམས་སུ་ཁྱབ་ཀྱི་ཡོད་པ་དང་། ཀླད་པའི་རྩ་ཁམས་ནི་དེ་ཡི་བྱེད་ནུས་གལ་ཆེན་འདོན་ས་ཞིག་ཡིན་པས་ཀླད་པའི་རྩ་ཁམས་བརྒྱུད་རྩ་ཕྲན་གཞན་ལ་ཁྱབ་བཞིན་ཡོད་པ་དང་། བྱེད་ནུས་དེ་ཡིས་ན་ཟུག་སོགས་འགོག་ཐུབ་པར་ཕན་ནུས་ཆེན་པོ་ཡོད་འདུག

སངས་རྒྱས་དཀོན་མཆོག་གིས་བསྒྱུར་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༩/༠༦/༠༣

Leave a Reply

11 thoughts on “འཁྲིག་སྤྱོད་ཀྱི་ཕན་ཡོན་བཅུ་གཅིག་མ།

  1. འདིས་བོད་པའི་སྤྱི་ཚོགས་ལ་ཡར་རྒྱས་ཡོང་གི་ཡོད་པའི་རྣམ་པ་མཐོང་གི
    སོང་ཙང་ཞེ་གི་བཟང་གི
    བོད་ཡིག་ཀློག་མཁན་མང་པོ་དགོས་པ་རེད། བཟང་མི་བཟང་རྩོམ་ཡིག་ཀློག་གྲངས་ལ་ལྟོས་ན་ཤེས།

  2. བསོད་ནམས་སྨྱོན་པ་

    བོད་ཀྱི་དུས་བབས་བྱེད་ལུགས་ནི་ཁོ་རང་ཚོའི་་ལྟ་བ་མཐུན་པ་ཆགས་སྲེགས་ཀྱི་སླད་པའི་དཔྱད་རྩོམ་དག་རང་སོར་འཇོག་པ་མ་གཏོག་དེ་ལ་འགལ་བ་བརྗོད་མཁན་དག་གི་དཔྱད་རྩོམ་་རྣམས་ནག་བསུབ་བཏང་བ་ནི་དམངས་གཙོས་བལྟ་བ་དང་ཡོངས་སུ་འགལ་ལོ།
    ང་ཚོས་བློ་འཚབས་བྱ་ཡུལ་ནི་བོད་མི་སྤྱི་ཚོགས་འདི་འཕགས་པའི་དགེ་འདུན་དང་བཙུན་མ་ཤིན་ཏུ་རྒྱ་ཆེ་བ་ལ་བསམ་ནས་ཡིན།
    དེ་མིན་ང་རྒྱལ་གཞན་ཕམ་གྱི་དགོས་པ་མེད་དོ།