ཁ་མཆུ་ཨང་ ༢༠ པ་ད་དུང་ཟླ་གསུམ་རིང་ཕྱིར་འགྱངས་གནང་རོགས་ཟེར།

བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་དང་མ་ཉེས་ཁག་གཡོགས་ཀྱི་ཁ་མཆུ་ལ་ཐོག་མའི་ཉན་ཞིབ་དང་གནད་དོན་གསལ་ཁ་མེད་རིགས་ལ་འདྲི་རྩད་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ནས་ཕྱི་དྲོའི་ཆུ་ཚོད་ ༣:༣༥ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༠ བ་ཞུ་སྦྱོར་མཁན་བྱང་ཨ་རིའི་དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་དང་། རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁ་མཆུ་མ་ཉེས་ཁག་གཡོགས་ཀྱི་ཐོག་མའི་ཉན་ཞིབ་དངོས་སུ་དབུ་འཛུགས་གནང་སོང་བ་དང་། ཁ་མཆུ་ཉན་ཞིབ་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གསུམ་དབུ་བཞུགས་ཐོག ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་ཁྲིམས་རྩོད་རྣམ་རྒྱལ་ཚེ་སྐྱིད། རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་། གསར་འགོད་པ་དང་ཟུར་ཉན་པ་སོགས་ཁྱོན་མི་གྲངས་ ༥༠ མ་ཟིན་ཙམ་ཞིག་འཛོམས་འདུག

ཉན་ཞིབ་ཀྱི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་ནས་ཐེངས་འདིའི་གྱོད་དོན་གྱི་བྱུང་རིམ་དང་། ཉན་ཞིབ་སྐབས་ཁྲིམས་ཞིབ་ཁང་ནས་དོན་གཅོད་འཕོ་འགྱུར་བཏང་བར་བཀའ་ཤག་ལ་དབང་ཚད་ཡོད་མེད་ལ་ཕྱོགས་གཉིས་ནས་མོས་མཐུན་བྱུང་ཡོད་པས་གླེང་སློང་རིགས་མི་ཡོང་རྒྱུ་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྩ་ཁྲིམས་ནང་རང་ཆས་སུ་ཡོད་པའི་སྐུ་དབང་ཁག་ཁ་མཆུ་དང་འབྲེལ་བ་མེད་པས་གླེང་སློང་རིགས་མི་ཆོག་པ་ཐག་གཅོད་བྱས་ཡོད་པའི་སྐོར་སོགས་སྒྲོག་སྦྱང་དང་། ཉན་ཞིབ་སྐབས་གྱོད་ཡ་ཕན་ཚུན་དྲི་ལན་ཁ་གསལ་དང་ཁྲིམས་སྒྲིག་ཁག་ལ་གཙི་བཀུར་བྱ་དགོས་སྐོར་སོགས་གསུངས་སོང་།

དེའི་རྗེས་བཀའ་ཤག་གིས་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་དོན་ཚན་ ༡༠ བཀྲམས་པའི་ནང་གི་གསལ་ཁ་མེད་པ་དང་གནད་དོན་ཡོད་རིགས་ཁག་གི་ཐད་འདྲི་ཞིབ་གནང་སོང་བ་དང་། འདྲི་ཞིབ་སྐབས་ཁྲིམས་ཞིབ་ཁང་ནས་དེ་སྔ་ཞུ་རྩ་དང་ཞུ་ལེན་གཉིས་ནང་རྩོད་ལན་པའི་ཕྱོགས་ནས་ལན་ཁ་གསལ་དང་གནད་ཁེལ་བྱུང་མེད་པ་དག་ལ། ཁྲིམས་ཞིབ་ཁང་གིས་གནད་དོན་དེ་དག་གི་ཐད་ལ་བསྐྱར་དུ་རྩོད་ལེན་པར་ཁ་གསལ་བཟོ་རྒྱུའི་གོ་སྐབས་དང་འདྲི་རྩད་གནང་སོང་བ་དང་། རྩོད་ལན་པའི་ཕྱོགས་ནས་དོན་ཚན་ཁག་ལ་སྤྱི་ཡོངས་ནས་དགག་ལན་བཀོད་པ་ལས་དོན་ཚན་ཁག་གི་ནང་གསེས་དབྱེ་བ་རེ་རེར་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༩ པའི་ནང་གསེས་དོན་ཚན་(ང་པ)དང་(ཅ་པ)གཉིས་ཀྱི་དགོངས་དོན་ལྟར་ལན་ཇི་བཞིན་བཀོད་མེད་པར་བརྟེན། ཁྲིམས་ཞིབ་ཁང་ནས་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༩ ནང་གསལ་ཞུ་ལན་དེ་སྐྱོན་འཛུགས་ཀྱི་དོན་ཚན་རེ་རེའི་ཐོག་ལན་འདེབས་གསལ་བོ་རྒྱག་དགོས་པ་ལས་སྤྱི་མ་སྤོམ་གྱི་དགག་ལན་ལྟ་བུའི་མི་འགྲིག་པ་དང་། ཞུ་རྩའི་ནང་གསལ་སྐྱོན་འཛུགས་དོན་ཚན་སོ་སོར་རྩོད་ལན་པ་དེས་ཐད་ཀར་རམ། གོ་དོན་རྟོག་ངེས་ཀྱི་བརྡ་སྟོན་ཐོག་ནས་དགག་ལན་ཁ་གསལ་མེད་ན་ཞུ་སྦྱོར་བའི་སྐྱོན་འཛུགས་དེ་རྩོད་ལན་པས་ངོས་ལེན་བྱེད་པར་ཆ་འཛིན་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

དེ་ནས་ཉིན་རྒྱབ་བཀའ་ཤག་གིས་བཀོད་པའི་དོན་གཅོད་འཕོ་འགྱུར་གྱི་རྒྱུ་མཚན་དོན་ཚན་ ༡༠ གནད་དོན་སྐོར་ལ་མུ་མཐུད་འདྲི་རྩད་མགོ་འཛུགས་སྐབས། བཀའ་ཤག་བརྒྱུད་པའི་སྲིད་སྐྱོང་བློ་བཟང་སེང་གེ་ཡི་ཁྲིམས་རྩོད་པས་སྔ་དྲོའི་ཁྲིམས་ཞིབ་ཁང་གི་འདྲི་རྩད་སྐབས་ལན་ཁ་གསལ་མ་བྱུང་བ་དང་། ཉིན་རྒྱབ་ཀྱི་འདྲི་ཞིབ་ལ་མུ་མཐུད་དོན་ཚན་ཁག་གི་སྤྱི་ཡོངས་ལན་འདེབས་ལས་ནང་གསེས་རེ་རེ་ཐད་ཀ་ཐད་ཀར་ལན་མེད་སྟབས། རྩོད་ལན་པའི་ཕྱོགས་ནས་ཐེངས་འདིའི་ཁ་མཆུ་དྲང་བདེན་ཡོང་ཆེད་དང་མ་འོངས་པར་སྤྱི་ཚོགས་ནང་རྩོད་རྙོག་རིགས་མི་ཡོང་ཆེད། སྤྱི་མང་གཏུག་གཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ལུགས་གྱི་དོན་ཚན་ ༣༣ པའི་ནང་གསེས་(ག)ནང་འཁོད་བཞིན། གཏུག་བཤེར་གྱི་དུས་རིམ་གང་འདྲ་ཞིག་གི་སྐབས་སུ་ཡིན་རུང་གྱོད་ཡ་ཕན་ཚུན་སུ་རུང་ནས་རང་ཉིད་ཀྱི་ཞུ་སྙན་ལ་བསྒྱུར་བཅོས་སམ། སྣོན་འཕྲི་བྱ་རྒྱུའི་བཀའ་འཁྲོལ་ཞུ་ཆོག་པ་ལྟར། ཞུ་ལན་པའི་ཁྲིམས་རྩོད་པས་སྙན་ཞུ་དང་སྦྲགས་ཞུ་ལན་ལ་སྣོན་འཕྲི་བཟོ་བཅོས་སླད་ཁ་མཆུ་དེ་ཟླ་གསུམ་རིང་ཕྱིར་འགྱངས་ཡོང་བའི་བཀའ་འཁྲོལ་ཞུས་སོང་།

ཁ་མཆུ་ཕྱིར་འགྱངས་ཞུ་དགོས་པའི་གནད་དོན་ཐད་ཞུ་སྦྱོར་བའི་ངོས་ནས་དེ་སྔོན་ཟླ་གསུམ་དང་ཉིན་ ༤༥ ལྷག་རིང་ཕྱིར་འགྱངས་གནང་བ་དང་། ཐེངས་འདིར་ཁ་མཆུ་ཕྱིར་འགྱངས་གནང་བ་ཡིན་ན་ཞུ་སྦྱོར་བའི་ཆུ་ཚོད་དང་ཁེ་ཕན་ལ་དོ་ཕོག་ཡོང་རྒྱུ་ཡིན་པས་ངོས་ལེན་ཡོང་ཐབས་མེད་པ་དང་། ཁྲིམས་ཞིབ་ཁང་ལ་ཁ་མཆུ་ཕྱིར་འགྱངས་མི་བྱེད་པའི་རེ་སྐུལ་དང་དེ་སྔོན་ཐེངས་མང་ལ་ཕྱིར་འགྱངས་གནང་ན་ཡང་། ཞུ་ལན་ལ་གསལ་ཁ་ཡོང་བའི་ཕན་ཐོགས་མེད་པ་མ་ཟད་དུས་ཚོད་ཕྱིར་འགྱངས་ཀྱི་དམིགས་ཡུལ་ཁོ་ན་ལས་མེད་པས་དགག་པ་མཐའ་གཅིག་ཏུ་ཡོད་སྐོར་བརྗོད་སོང་།

གནད་དོན་དེའི་ཐད་ཁྲིམས་ཞིབ་ཁང་ནས་དེ་སྔོན་ཞུ་ལན་སྣོན་འཕྲི་བཟོ་ཆེད་དང་ཞུ་ལན་ཁ་གསལ་མེད་རིགས་ལ་ཁ་གསལ་དགོས་པའི་ལམ་སྟོན་གང་མང་ཞུས་ཟིན་པ་དང་། ཐེངས་འདིར་ཕར་འགྱངས་དགོས་པའི་སྙན་ཞུ་ཕུལ་བ་དེའི་ནང་གང་འཁོད་ཡོད་པ་ལ་ཁྲིམས་ཞིབ་ཁང་གི་ལྷན་ཚོགས་ཚོགས་འདུ་ཚོགས་ཏེ། སྙན་ཞུ་དེར་དཔྱད་ཞིབ་ཀྱིས་ཁྲིམས་ལུགས་ཀྱི་དགོངས་དོན་ལྟར་ཐག་གཅོད་བྱ་རྒྱུ་ལས་ད་ལྟ་རང་ཐག་གཅོད་ཡོང་མི་ཐུབ་པ་དང་། དེ་རིང་སྔ་དྲོའི་དོན་ཚན་ཁག་ལ་འདྲི་རྩད་དང་ཐག་གཅོད་གནང་ཟིན་པ་ཁག་ལ་ཁྲིམས་ལུགས་གཞིར་བཟུང་ཕྱིར་འཐེན་དང་བསྐྱར་ཞིབ་བྱ་ཐབས་མེད་སྟབས་གནད་དོན་དེ་དག་ཐག་བཅད་ཟིན་པ་ཡིན་པ་དང་། ཁྲིམས་ར་རྗེས་མ་ག་དུས་འཚོག་མིན་རྗེས་སུ་བརྡ་ཐོ་གཏོང་རྒྱུ་ཡིན་སྐོར་གསུངས་ནས་ཐོག་མའི་ཉན་ཞིབ་མཇུག་སྒྲིལ་སོང་།

སྤྱིར་ཞུ་རྩ་ཞུ་ལན་གང་ཡང་རུང་བ་ཞིག་ལ་གྱོད་ཡ་སུ་རུང་ཞིག་ནས་སྤྱི་མང་གཏུག་བཤེར་གྱི་དོན་ཚན་ ༣༣ པའི་ནང་གསེས་(ག་པ)འི་དགོངས་དོན་བཞིན་སྣོན་འཕྲི་ཞུ་རྒྱུའི་བཀའ་འཁྲོལ་ཞུ་ཆོག་པ་དང་། ཁྲིམས་ཞིབ་ཁང་ནས་དྲང་བདེན་གྱི་ཁེ་ཕན་ལ་བལྟས་ཏེ་བཀའ་འཁྲོལ་སྤྲོད་མིན་ཐག་གཅོད་གནང་རྒྱུ་དང་། སྣོན་འཕྲི་སྒྱུར་བཅོས་དེ་གྱོད་གཞིའི་དོན་གནད་ངོ་མ་ཐག་གཅོད་ཀྱི་སླད་དུ་མཁོ་བ་ཞིག་ཡིན་དགོས་པ་དང་། བཀའ་འཁྲོལ་ཐོབ་ཚེ་དེའི་ནང་གསལ་གཏན་འབེབས་དུས་ཚེས་ནང་སྣོན་འཕྲི་སྒྱུར་བཅོས་བྱས་ཟིན་པ་ཞིག་དགོས་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༠༧

Leave a Reply

11 thoughts on “ཁ་མཆུ་ཨང་ ༢༠ པ་ད་དུང་ཟླ་གསུམ་རིང་ཕྱིར་འགྱངས་གནང་རོགས་ཟེར།

  1. སློབ་བཟང་སངས་རྒྱས་ལགས་ཀྱིས་ངས་ནོར་བཞག་ཅེས་ངོས་ལེན་གནང་སྟེ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་དགོངས་དག་ཅེས་ཁྲིམས་ཁང་ནང་གསུངས་ན་ཡག་པོ་ཡོད་རེད། སོ་སོས་བཙོས་པའི་ཆང་དེ་སོ་སོས་འཐུང་ནས་གཙང་མ་བཟོས་གནང་ན་ཡག་པོ་ཡོད་རེད། གཞན་ཕྱིར་འགྱངས་གནང་རོགས། ཕྱིར་འགྱངས་གནང་རོགས་ཟེར་དུས་བོང་བུ་དོན་པའི་རྟགས་རེད། ཁྲིམས་དྲང་དགོས་རེད་མ་གཏོགས་གཞིས་བྱེས་གཉིས་ཀ་ནས་མིག་ཅེར་ཏེ་བསྡད་ཡོད་པ་མཁྱེན་པ་གནང་རོགས།