པོ་ཏ་ལའི་ནང་ཚོང་འགྲེམས་ཁང་ཞིག་སྒོ་ཕྱེས།

རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལའི་འོག་ཤོད་ཅིག་ཏུ་པོ་ཏ་ལའི་རིག་གནས་ཐོན་རྫས་ཉམས་ཞིབ་ཁང་ཟེར་བ་ཞིག་སྒོ་ཕྱེས་ཏེ་ཕོ་བྲང་གི་རིག་དངོས་རྣམས་དཔར་བཤུས་ཀྱིས་ཚོང་འགྲེམས་བྱེད་བཞིན་ཡོད་འདུགདེ་རིང་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཕོ་བྲང་པོ་ཏ་ལའི་འོག་ཤོད་ཅིག་ཏུ། རྒྱ་ནག་གཞུང་གིས་པོ་ཏ་ལའི་རིག་གནས་ཐོན་རྫས་ཉམས་ཞིབ་ཁང་ཟེར་བ་ཞིག་སྒོ་ཕྱེས་ཏེ། ལྟ་སྐོར་བ་ཚོར་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་སོགས་ཀྱི་ནང་ཡོད་པའི་རིག་དངོས་ཚོང་འགྲེམས་དང་པོ་ཏ་ལའི་སྐོར་གྱི་དཔེ་དེབ་རིན་མེད་གཟུགས་འབུལ། བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་སོགས་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག

རིག་གནས་ཐོན་རྫས་ཉམས་ཞིབ་ཁང་ཟེར་བ་དེའི་མགོ་འཁྲིད་ལོའུ་ཧྲི་ཆིན(Liao Shiqin)ཟེར་བ་ཞིག་གིས།  རིག་གནས་ཐོན་རྫས་ཉམས་ཞིབ་ཁང་དེའི་ནང་ལོ་རྒྱུས་ཡུན་རིང་ལྡན་པའི་ཕོ་བྲང་པོ་ཏ་ལའི་རིག་དངོས་གཅིག་མཚུངས་ལྟར་འདྲ་བཤུས་བྱས་ཡོད་པ་དཔེར་ན། རྒྱ་ནག་མིང་རྒྱལ་རབས་སྐབས་ཀྱི་ཟངས་ཀྱིས་བཟོས་པའི་མནྡལ་དང་བོད་ཀྱི་ཐང་ག བོད་སྤོས་དང་ཕྲེང་བ། ཕོ་བྲང་པོ་ཏ་ལའི་འདྲ་གཟིགས་ཆེ་འབྲིང་ཆུང་གསུམ་བཅས་ཅ་དངོས་སྣ་ཚོགས་འཚོང་བཞིན་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལའི་ནང་གི་ཁྲི་ ༡༠ ཙམ་ལ་ཉེ་བའི་གནས་སྤོར་ཆོག་པའི་གནའ་བོའི་ཤུལ་བཞག་རིག་དངོས་ཞེས་པ་ཡོད་ཚད་ལ་ཞིབ་བཤེར་དང་ཐོ་འགོད་བྱེད་པའི་ལས་གཞི་ཞིག་སྤེལ་སྟེ། པོ་ཏ་ལའི་ནང་གི་རིག་དངོས་ཡོངས་རྫོགས་ཀྱི་མིང་དང་ཆེ་ཆུང་། ཡོང་ཁུངས། ཆ་ཚང་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ལ་ཞིབ་བཤེར་དང་ཐོ་འགོད། ཡིག་ཚགས་གསར་བཟོ་བྱས་ཡོད་པ་མ་ཟད། ལས་གཞི་དེ་གྲུབ་རྗེས་པོ་ཏ་ལའི་ནང་གི་རིག་དངོས་ནས་ལྷ་སྐུ་མང་པོ་ཞིག་སྔོན་མའི་ཤུལ་ནས་གང་དུ་འཁྱེར་བ་སོགས་མ་ངེས་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཕོ་བྲང་པོ་ཏ་ལ་ཕྱི་ལོ་ ༡༩༩༤ ལོར་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཁྲོད་བཞག་སྟེ་འཛམ་གླིང་གི་ཁྱད་འཕགས་རིག་དངོས་སྲུང་སྐྱོབ་གྲས་སུ་ཚུད་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ལོ་ལྟར་ཕོ་བྲང་པོ་ཏ་ལར་ཞིག་གསོ་དང་བསྐྱར་གསོ་ཟེར་བ་སོགས་ཀྱི་མིང་འོག་ནས་ལས་གཞི་འདྲ་མིན་སྤེལ་དང་སྤེལ་བཞིན་ཡོད་སྟབས། པོ་ཏ་ལའི་བརྟན་བརླིང་ལ་ཉེན་ཁ་བཟོས་པ་དང་། ལྡེབས་རིས་སོགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་སྣང་དང་ལོ་རྒྱུས་ཀྱི་རིན་ཐང་ལ་གནོད་སྐྱོན་བཟོས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༡༠

Leave a Reply

One thought on “པོ་ཏ་ལའི་ནང་ཚོང་འགྲེམས་ཁང་ཞིག་སྒོ་ཕྱེས།

  1. ༄།ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཀ་སོགས་ཀྱི་ནང་ཡོད་པའི་རིག་དངོས་ཚོང་འགྲེམས་དང་ཟེར།རིག་དངོས་ཚོང་འགྲེམས་རེད་དང་རིག་དངོས་འདྲ་བཤུས་ཚོང་འགྲེམས་རེད་་་་་གང་ལྟར་ལས་ཁང་དེ་ནི་རིག་གནས་ཐོན་རྫས་ཉམས་ཞིབ་ཁང་ཞིག་མ་ཡིན་པ་རིག་དངོས་རྐུ་ཁྱེར་ཁང་བརྗོད་ན་དོན་ལ་གནས།དམར་པོའི་སྲིད་གཞུང་འདིའི་ལས་དོན་གང་ཞིག་བྱས་ཀྱང་བོད་མི་རིགས་རིག་གཞུང་དང་བཅས་པ་ཤུལ་མེད་བཟོ་རྒྱུ་ཞིག་ལས་ཕན་པའི་བྱ་བ་སྣེ་གཅིག་སྒྲུབ་མྱོང་མེད་པས་གནས་ཚུལ་འདི་དག་འཛམ་གླིང་མི་མང་གི་ཤེས་སུ་འཇུག་དགོས་།