རྒྱལ་ཡོངས་ཡིག་རྒྱུཊ་ཁྲོད་བོད་ཡིག་བརྒྱ་ཆ་ ༩༥ ཡན་ལེན་མཁན་ཚོར་བྱ་དགའ་ཡོད།

༧པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ ༣༠ འཁོར་བའི་རྗེས་དྲན་དང་བསྟུན་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་ལ་བརྒྱ་ཆ་ ༩༥ ཡན་ལོན་མཁན་ཚོར་ལེགས་སོན་ཕྱག་འཁྱེར་དང་བྱ་དགའ་སྤྲོད་རྒྱུ་ཡིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཞི་བདེ་ཚོགས་ཁང་དུ། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། འདི་ལོ་ནི་༧ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་ཡོད་པས། སྐྱེས་ཆེན་དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐོག་བཏང་གནང་བའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད། འདི་ལོ་ནས་ལོ་རྟག་པར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་བརྒྱ་ཆ་ ༩༥ ཡན་ལོན་མཁན་ཡོངས་ལ་ལེགས་སོན་ཕྱག་འཁྱེར་དང་ཧིན་སྒོར་ ༥༠༠༠ རེ་གནང་གཏན་འཁེལ་བ་ལྟར།  འདི་ལོར་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ལེགས་སོན་ཕྱག་འཁྱེར་དང་བྱ་དགའ་ཐོབ་མཁན་སློབ་གྲྭ་ཁག་བཞི་ནས་སློབ་མ་ཁྱོན་ ༩ བྱུང་ཡོད་པ་གསལ་བསྒྲགས་གནང་སོང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་བསྒྲགས་གཏམ་སྒྲོགས་སྦྱང་གནང་སྐབས། འདི་ལོ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དུས་མིན་ཞིང་དུ་གཤེགས་ནས་མི་ལོ་སུམ་ཅུ་ཧྲིལ་པོ་འཁོར་ཡོད་པས།   དམ་པ་ཁོང་གིས་སྐུ་ཚེ་གང་བོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་སྐུ་ངལ་ཆེད་གསད་གནང་ཡོད་པ་དང་།  བོད་ཀྱི་སྐད་ཡིག་གཞི་རྩར་བཟུང་བའི་སློབ་ཆེན་མང་པོ་ཆེད་འཛུགས་གནང་བ་དང་།   དགེ་རྒན་སྐྱེད་སྲིང་ཆེད་བོད་ཀྱི་ཡུལ་ལུང་ཀུན་ཏུ་ཞབས་ཀྱིས་བཅགས་ཤིང་།   རྒྱ་མིའི་དཔོན་པོ་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས། ་བོད་མི་རྒྱ་མིང་འདོགས་མཁན་དང་རྒྱ་སྲོལ་བྱེད་མཁན།  བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་མཁན་ཚོར་ཐད་ཀ་ཐད་ཀར་དུ་བཀའ་བཀྱོན་གནང་ཡོད།   རྒྱ་གཞུང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པའི་ནུས་ལྡན་གྱི་ཞུ་སྐུལ་ཤུགས་ཆེན་གནང་ཡོད་པ་དང་། བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཡོང་ཆེད་ཁྲིམས་གཞི་གཏན་འབེབ་དང་ཚོགས་འདུ་སོགས་སུ་བོད་དང་བོད་ཀྱི་རིག་གཞུང་གི་ཆེད་དུ་ཐུགས་ཁྲོས་པསའི་གསུང་བཤད་ཐེངས་མང་གནང་།   དད་ལྡན་མང་ཚོགས་ཀྱིས་བོད་ཀྱི་ནང་ཆོས་དང་རིག་གཞུང་།  སྐད་ཡིག་གཅེས་འཛིན་དགོས་པར་བཀའ་སློབ་ལམ་སྟོན་དང་།    རིག་གཞུང་འཛིན་སྐྱོང་བྱེད་པར་དཔལ་འབྱོར་སོགས་ཀྱི་རོགས་འདེགས་རྒྱ་ཆེན་གནང་བ་སོགས་དམ་པ་ཁོང་གི་སྐུ་ཧྲིལ་པོ་བོད་པ་དང་།   སྐད་ཡིག   རིག་གཞུང་གི་ཆེད་དུ་བློས་གཏོང་ཡོངས་སུ་གནང་ཡོད།     དེར་བརྟེན་ང་ཚོས་དམ་པ་ཁོང་གི་མཛད་རྗེས་རྒྱུན་སྐྱོང་དང་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀར་གལ་ཆེན་པོ་ཆགས་ཡོད་པ་དང་།   ལྷག་ཏུ་མི་རིགས་ཀྱི་ངོས་ནས་བཤད་ན་དེ་ལས་ཀྱང་གལ་ཆེན་པོ་ཆགས་ཀྱི་འདུག     དེར་བརྟེན་ད་ཐེངས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་དགོངས་པ་གཞན་དུ་གཤེགས་ནས་མི་ལོ་སུམ་ཅུ་འཁོར་བ་དང་སྦྲགས།   བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་སྤེལ་བ་ཡིན།    ཀ་རྡོར་སྒང་གསུམ་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་དུ་ལས་འགུལ་སྤེལ་རྒྱུ་དང་།    འདི་ལོ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་སྐབས་སུ་བོད་ཡིག་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་རག་མཁན་ཡོངས་ལ་ཚོགས་པའི་ངོས་ནས་ལེགས་སོན་ཕྱག་ཁྱེར་དང་།  སྒོར་༥༠༠༠ རེ་འབུལ་རྒྱུ་ཐག་གཅོད་བྱུང་ཡོད།  ཅེས་བརྗོད་སོང་།

ཚོགས་པ་འདིས་འདས་པའི་ལོ་ངོ་བདུན་གྱི་རིང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་ལ་དྭགས་སུ་དུས་འཁོར་དབང་ཆེན་གསུངས་སྐབས་དང་།    རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོར་ལམ་རིམ་གསུང་ཆོས་མཐའ་མའི་སྐབས། དེ་བཞིན།   ཕྱི་ལོ་ ༢༠༡༥ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་གྱ་སྟོན་སྲུང་གཙི་ཆེད་ལྷོ་ཕྱོགས་ཀྱི་ས་ཁུལ་ཡོངས་ལ་སྐད་ཡིག་ཆེད་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དང་།  ཕྱི་ལོ་  ༢༠༡༧

ལོར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་དང་།  གཞན་ཡང་བོད་ཀྱི་མཐོ་སློབ་ཁག་དང་།  སློབ་གྲྭ།   གཞིས་ཆགས།    ཕྱི་རྒྱལ་སོགས་ས་གནས་དུ་མར་ཚོགས་མི་ཚོས་གོ་སྐབས་ནམ་བྱུང་ལ་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་པ་རེད། འདི་ལོར་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་བྱ་དགའ་ཐོབ་མཁན་སློབ་གྲྭ་ཁག་བཞི་ནས་སློབ་ཕྲུག་དགུ་ཡོད་པ་རྣམས་ནི་མ་སུ་རི་གཏན་སློབ་ནས་ལྷ་མོ་ཚེ་རིང་དང་བསྟན་འཛིན་ཕན་བདེ། བསྟན་འཛིན་བདེ་སྐྱིད། ངག་དབང་། ཀ་སྦུག་གཏན་སློབ་ནས་ལྷ་མོ་སྒྲོན་མ་དང་ཚེ་དབང་ལྷ་མོ། མོན་གྷོ་སམ་བྷོཊ་ནས་བསྟན་འཛིན་ཀུན་གསལ། དེ་བཞིན་སེ་ལ་ཀུ་བོད་ཁྱིམ་ནས་ཉི་མ་བུ་ཁྲིད་དང་འཕྲིན་ལས་རབ་བརྟན་བཅས་རེད་འདུག

མཇུག་ཏུ་གསར་འགོད་པས། བོད་ཡིག་བརྒྱ་ཆ་ ༩༥ ཡན་ལོན་མཁན་ཚོར་དངུལ་དང་ལེགས་སོན་གྱི་བྱ་དགའ་སོགས་མུ་མཐུད་སྤྲོད་རྒྱུ་བྱས་པ་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་བར་འགྲོ་གྲོན་ག་འདྲ་བྱས་ནས་གཏོང་གི་ཡོད་སྐོར་དྲིས་པར་ཐུབ་བསྟན་རབ་བརྟན་ལགས་ཀྱིས། སྤྱིར་བཏང་ང་ཚོའི་འགྲོ་གྲོན་ཉུང་ཉུང་ཞེ་དྲགས་རེད། གང་ཡིན་ཟེར་ན། ང་ཚོས་ལས་འགུལ་སྤེལ་སྐབས་མ་གཏོགས་ནམ་རྒྱུན་འགྲོ་སོང་གང་ཡང་ཡོད་པ་མ་རེད། བོད་པའི་སློབ་ཕྲུག་ཚོར་ཧིན་སྒོར་ལྔ་སྟོང་གི་བྱ་དགའ་འབུལ་རྒྱུ་དེ་གཙོ་བོ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་མི་ཚོས་ཚོགས་དངུལ་ཡར་བསྡུ་རུབ་བྱས་པ་དེ་དང་། དུས་འཁོར་དབང་ཆེན་སོགས་མི་མང་འདུ་འཛོམས་སར་ཞལ་འདེབས་སློང་བ་ལ་བརྟེན་ནས་ཡོང་གི་ཡོད། གཞན་ང་ཚོར་ཕྱི་རྒྱལ་རོགས་ཚོགས་དེ་འདྲ་གང་ཡང་མེད། ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་ལས་འགུལ་སྤེལ་སྟངས་ག་འདྲ་ཡིན་དྲིས་སྐབས། བོད་ཀྱི་སྐད་ཡིག་ཚོགས་པའི་ཚོགས་མི་ལོ་ཡག་བཀྲ་ཤིས་ལགས་ཀྱིས། ཉེ་སྔོན་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་སྐབས། ང་ཚོས་བོད་ཡིག་ལྡན་པའི་འཕྲེད་དར་མང་པོ་སྦྱར་ཡོད། སྤྱིར་བཏང་མི་མང་པོ་ཞིག་གིས་གློག་ཀླད་ནང་བོད་ཡིག་མེད་པ་དང་བོད་ཡིག་གནས་ཚད་ཡག་པོ་མེད་པ་ལ་བརྟེན་ནས་བོད་ཡིག་དང་བོད་སྐད་བེད་སྤྱོད་གཏོང་གི་མེད་པའི་གནས་སྟངས་ཤིག་སླེབས་ཀྱི་ཡོད། ཁ་སང་ང་ཚོ་ཡར་དྷ་སྟེང་དུ་སོང་སྟེ། མ་འོངས་པར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་སོགས་པའི་རྩེད་རིགས་སྐབས། བོད་ཡིག་གང་མང་ཡོད་པའི་འཕྲེད་དར་སོགས་བཟོ་རོགས་གནང་ཞེས་རེ་སྐུལ་ཞུས་ཡོད། གལ་སྲིད་ཁོ་རང་ཚོར་སྐད་ཡིག་གི་རྒྱབ་ལྗོངས་དེ་འདྲ་མེད་པ་ཡིན་ན། ང་ཚོ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ལ་འབྲེལ་བ་བྱོས་དང་ང་ཚོས་གང་ཐུབ་ཀྱིས་འཕྲེད་དར་སོགས་བོད་ཡིག་ནང་ཡོད་པ་བཟོ་ཆོག་ལབ་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ནི་ཕྱི་ལོ་ ༢༠༡༣ ལོར་གསར་འཛུགས་བྱས་ཤིང་། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པ་ལྟར་འདས་པའི་ལོ་ཤས་རིང་ཚོགས་པ་འདིས་བོད་སྐད་བོད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཆེད་བྱ་འགུལ་རིགས་མང་པོ་ཞིག་སྤེལ་དང་སྤེལ་བཞིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༡༠

Leave a Reply

2 thoughts on “རྒྱལ་ཡོངས་ཡིག་རྒྱུཊ་ཁྲོད་བོད་ཡིག་བརྒྱ་ཆ་ ༩༥ ཡན་ལེན་མཁན་ཚོར་བྱ་དགའ་ཡོད།

  1. བསོད་ནམས་སྨྱོན་པ་

    མངའ་གསལ་ལྟར་བོད་ཀྱི་སྐད་ཡིག་ནོར་བུ་ཀུན་འབྱུང་འདི་ནི་ཆོས་རྒྱལ་སྐུ་དྲིན་ཅན་རྣམས་་དང་ལོ་རྩ་བ་རྣམས་དེ་བཞིན་རིམ་བྱོན་བླ་ཆེན་དམ་པ་རྣམས་ཀྱིས་ཐུགས་འགན་བཞེས་ནས་ང་ཚོ་མི་རབས་རིམ་བྱོན་གྱི་ལོངས་སུ་སྤྱད་རྒྱུ་བྱུང་ཡང་ད་ལམ་དུས་ཀྱི་ཉེན་ནས་ཕྱི་དགྲ་བོས་བོད་ཡིག་སྦྱོང་བ་འགག་བྱ་ནང་རང་རིགས་རྣམས་ཀྱི་བོད་ཀྱི་སྐད་ཡིག་ལོངས་སྤྱོད་པ་ལ་ལྷོད་གཡེང་བར་ཁུར་ཡུག་གསུམ་བསྡེབས་ནས་ཤིན་ཏུ་ནས་གཉེན་འཕྲེང་ཅན་གྱི་དུས་འདིར་ཁྱེད་རྣམས་ཀྱི་ལྷག་བསམ་ཞུམ་་མེད་ཐུགས་འཁུར་བཞེས་པ་བརྗེས་སུ་ཡིད་རང་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ད་རེས་སློབ་མ་༩་ལ་མི་རེར་སྒོ་ལྔ་སྟོང་རེ་གུས་རང་སྦྱིན་བདག་ཞུ་རྒྱུ་ལགས་ན་འབྲེལ་ཡོད་ལས་ཁུང་ཚོགས་གཙོ་མཚན་དང་ཞལ་དཔར་ཨང་ཞིག་གནང་རོགས།

  2. ༄།བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྗེས་་དྲན་དང་བོད་་ཀྱི་སྐད་ཡིག་དར་སྤེལ་ཆེད་ལས་འགུལ་སྤེལ་བ་བཀའ་དྲིན་ཆེ་།ཚོགས་པ་འདི་ཉིས་སྟོང་ཅུ་གསུམ་ལོ་གསར་འཛུགས་བྱས་པ་ནས་ལོ་ངོ་དྲུག་འགྲོ་བཞིན་པའི་རིང།བོད་་ཀྱི་སྐད་ཡིག་ཆེད་ལས་འགུལ་མང་དག་ཞིག་སྤེལ་པ་དེ་ཡི་གྲུབ་འབྲས་གང་ཞིག་ཐོན་ཡོད་པ་མི་གཞན་གྱི་ངོས་འཛིན་གསལ་པོ་ཞིག་ཡོང་ཐུབ་ན་རོགས་རམ་བྱས་མཁན་མི་ཉུང་བ་རགས་རྒྱུ་རེད།