ཉོ་ཚོང་འགལ་ཟླ་ལས་ཞི་ཅིན་ཕིང་གི་ནུས་མེད་རང་བཞིན་མཐོང་ཐུབ།

རྩོམ་པ་པོ། ལན་ཡི་ཀྲིན་།

བོད་སྒྱུར་བ། མཁར།

རྒྱ་ནག་དང་ཨ་རིའི་ཉོ་ཚོང་འགལ་ཟླ་མཐའ་མཇུག་གི་དུས་ཚོད་སླེབས་ལ་ཉེ་བའི་སྐབས་འདིར། ཨ་རིའི་སྲིད་འཛིན་ཐུ་རོམ་ཕུས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ངོ་མར་བསྟེན་ནས་གོ་ས་ཆེན་པོ་བཟུང་ཡོད་པས། རྒྱལ་ཁབ་ཀྱི་སྲིད་འཛིན་ཞི་ཅིན་ཕིང་གིས་བཟོད་སྒོམ་དང་བསམ་ཤེས་བྱ་ཐུབ་པའང་མཚོན་བྱེད་ཙམ་པོ་ཞིག་ག་ལ་ཡིན་ཨང་། གལ་སྲིད་གྲོས་མོལ་གཅིག་མཐུན་བྱུང་བ་ཁྱབ་སྒྲོག་བྱས་ཚེ། དེ་དུས་ཐུ་རོམ་ཕུས་བྱིའུ་འཕྲིན་(Tweeter)སྟེང་ནས་འཛེམ་བག་མེད་པར་འུད་སྒྲོག་ཆེན་པོ་བྱ་ངེས་ལ། ཟུར་གཞན་པ་ཞིག་ནས་སྨྲས་ན་ཁོས་རང་ཉིད་དང་སྲིད་ཇུས་ཀྱི་དཀའ་ཁག་གནས་བབས་ལ་གཟས་ཏེ་རང་གི་བསྐྱར་འདེམ་གྱི་གོ་སྐབས་བརྩོན་གྱིན་པ་ལགས་ན། ཞི་ཅིན་ཕིང་ལ་མཚོན་ན་གྲོས་མོལ་གང་ཡིན་ཡང་ངོ་སོ་དང་ལ་རྒྱ་ཅི་ཡང་ལྷག་མེད་དོ།།

ཞི་ཅིན་ཕིང་གིས་ལས་འགན་བཟུང་བའི་སྐབས་སུ་རྒྱ་ནག་ད་དུང་ཡང་དཔལ་འབྱོར་གྱི་མངའ་ཐང་རྒྱས་པ་ལྟ་བུའི་དུས་སུ་ལྷག་ཡོད་མོད་ཀྱང་ཨ་རི་ད་དུང་ཡང་ཉིས་སྟོང་བརྒྱད་དང་ཉིས་སྟོང་དགུ་ཡི་ཉམས་རྒུད་ཤུགས་རྐྱེན་ལས་ཐར་ཐུབ་མེད། ཉིས་སྟོང་བཅུ་གཉིས་པའི་ལོ་མཇུག་ཏུ་ཞི་ཅིན་ཕིང་གིས་རྒྱ་ནག་གུང་ཁྲན་ཏང་གི་སྤྱི་ཁྱབ་འགོ་ཁྲིད་ཀྱི་འགན་བཟུང་ཞིང་ལོ་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་གྱུར། ཁོ་བོའི་རུལ་སུངས་ངོ་རྒོལ་གྱི་ལས་འགུལ་དེར་དགའ་བསུ་ཆེན་པོ་ཐོབ་ཅིང་ཁོས་བཏོན་པའི“ཀྲུང་གོའི་འདུན་མ”ཡི་ལྟ་བ་སྟེ། རྒྱལ་ཁབ་དང་མི་དམངས་ཕྱུག་འགྱུར་གྱི་མག་མོག་རབ་རིབ་ཀྱི་འདུན་པ་འདིས་སྤྱི་དམངས་གང་མང་ཞིག་གི་སྤྲོ་སེམས་ལ་མེ་ལྕེ་སྒྲོན་པ་དང་ཁོས་ཨ་རིའི་སྲིད་འཛིན་བྷུ་ར་ཁུ་ཨོ་བྷ་མ་ལ“རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་གསར་བ”གཟུག་པའི་བསམ་འཆར་བཏོན་པ་དེས་བཙན་རྒྱལ་བསམ་བློ་ཡོད་པའི་ཀྲུང་གོའི་རྒྱ་རིགས་མང་པོར་ངོ་དགའི་སྤྲེད་ལད་འཁྲབ།

འོན་ཏེ་ངོ་རྒོལ་གྱི་སྐད་ཆ་གསལ་བོ་མེད་ལ་ཀྲུང་དབྱང་ལ་གང་དྲན་བཤད་མི་ཆོག་པའི་རྒྱལ་ཁབ་ཅིག་ཏུ་ངོ་ཚ་མེད་པའི་འཁྲབ་སྟོན་བྱེད་པ་ནི་ལས་སླ་མོ་ཡིན་ལ། ཕྱོགས་གཞན་དུ་ཉོ་ཚོང་འགལ་ཟླ་འདིས་ཞི་ཅིན་ཕིང་གི་འགོ་ཁྲིད་ནུས་པར་ཁྲུན་ཐག་གཅོད་པའི་གོ་སྐབས་ཤིག་སྤྲད་པ་མ་ཟད། ཉོ་ཚོང་འགལ་ཟླ་དང་འབྲེལ་བའི་ཕམ་ཉེས་སམ་དཀའ་ཁག་རྣམས་ཁྱོད་ཀྱིས་གལ་ཆེ་བར་མི་མཐོང་ནའང་ཁོའི་གནས་སྟངས་བཟང་རྒྱུ་མེད་པ་ཤེས་ཐུབ།

ཐོག་མར་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་འདི་བཙུགས་པའི་ཚུན་གྱི་རྒྱ་ནག་གི་འགོ་ཁྲིད་སུས་ཀྱང་ཨ་རི་དང་རྒྱ་ནག་གི་འབྲེལ་བ་གལ་ཆེ་བ་ཤེས་ཡོད་ཙང་། ཅི་ནུས་གང་ཐུབ་ཀྱིས་ལེགས་བཅོས་བྱས་ཤིང་དེའི་ཁྲོད་དུ་ཁེ་ཕན་ཆེན་པོ་བླངས་ཡོད་མོད་ཞི་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཐག་གཅོད་བཟང་བོ་ཞིག་བྱ་མ་ཐུབ། ༡༩༧༡ ལོར་མའོ་ཙེ་ཏུང་གིས་ཨུ་ཚུགས་མ་བྱས་པར་འཕེན་འཕངས་ཕྱི་འབྲེལ་ལ་གྲབས་སྒྲིག་པས་ཨ་རིའི་སྲིད་འཛིན་སོ་བདུན་པ་ཉིས་ཁུ་སོན་གྱིས་རྒྱ་ནག་དང་སོ་ཝེ་ཏ་མནའ་འབྲེལ་(苏联)གྱི་འགལ་ཟླར་ཡོད་པའི་སྐབས་སུ་མའོ་ཙེ་ཏུང་ལ་རྒྱབ་སྐྱོར་བྱས། ཏུན་ཞིའོ་ཕིང་གིས་ནུས་ཤུགས་ཡོད་རྒུས་ཨ་རི་ལ་དགའ་མདོག་བསྟན་པས། ༡༩༧༩ལོར་སྲིད་འཛིན་ལྗེམ་མེ་ཁཱར་ཐྲེར་གྱིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་ངོ་མ་ཐའེ་པེ་ནས་པེ་ཅིང་དུ་གནས་སྤར། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་ཀྲུང་གུང་གི་འགོ་ཁྲིད་ཧུའུ་ཡའོ་པང་དང་ཀྲོ་ཙི་དབྱང་གིས་ཧྥུ་རེ་ངྷི་མན་དང་ཨ་རིའི་དཔལ་འབྱོར་རིག་པ་བ་རྒྱ་ནག་ལ་གདན་ཞུ་བྱས་ནས་སྲིད་གཞུང་ལ་བསམ་འཆར་འདོན་དུ་བཅུག་ཅིང་ཨ་རིའི་མ་རྩ་དང་ལག་རྩལ་ཡང་རྒྱ་ནག་ཏུ་ཡོང་མགོ་ཚུགས། གོ་བདུན་ལོར་ཅང་ཙེ་མེན་གྱིས་ཉིན་བདུན་རིང་ཨ་རིར་འཚམས་འདྲི་བྱས་པ་དང་། ཁོས་དུ་དུང་མི་སེར་སྤེལ་བའི་དུས་སྐབས་ཀྱི་མགོ་ཞྭ་ཟུར་གསུམ་མ་ཞིག་གྱོན་ནས་ཝིར་ཇི་ནི་ཡ་མངའ་སྡེའི་ཝེ་ལེམ་མཁར་དུ་ལྟ་སྐོར་བྱས། རྒྱ་ནག་༢༠༠༡ལོར་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་རྒྱུར་བྷེལ་ཁུ་ལིན་ཐྲོན་གྱིས་རོགས་རམ་ཆེན་པོ་མཛད་དོ།།

ཧུའུ་ཅིན་ཐའོ་ཡིས་སྲིད་བཟུང་བའི་ཉིས་སྟོང་གསུམ་ནས་བཅུ་གསུམ་ལོའི་བར་དུ་རྒྱ་ནག་གིས་ཨ་རིའི་ལྷག་བསམ་ཟོལ་མེད་ཀྱི་སྒོ་འབྱེད་ཀྱི་གོ་སྐབས་བེད་སྤྱོད་བྱས་ཤིང་། རིན་གོང་ཆུང་བའི་རྒྱ་ནག་གི་ཚོང་རྫས་ཨ་རིར་ཕྱིར་འཚོང་བྱས་ཏེ་ཕྱོགས་གཉིས་ཀའི་གཏོང་ཉུང་འདྲེན་མང་གི་ཉོ་ཚོང་ལ་ཧེ་བག་ཆེན་པོ་ཤོར་། དེ་བཞིན་བརྡ་སྤྲོད་སློབ་གྲྭ་ཡིན་ལ་ལས་ཚབ་ལས་ཁུངས་ཡིན་པའི་ཁུང་ཙི་སློབ་གླིང་ཡང་ཨ་རིའི་སློབ་ཆེན་དང་མཐོ་འབྲིང་ཁག་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་མགོ་བརྩམས་ཏེ། ད་ལྟའི་བར་ཨ་རིའི་ས་ཆ་སོ་སོ་རུ་ཁུང་ཙི་སློབ་གླིང་བརྒྱ་ཕྲག་ལྷག་བཙུགས་ཡོད། རྒྱ་ནག་གི་ཉེན་ཁའི་མ་རྩ་འཇོག་མཁན་ཚོས་ཨ་རིའི་དངུལ་རྩའི་ཁྲོམ་ར་རུ་གསོག་པའི་མ་དངུལ་མང་པོ་སི་ལི་ཀོན་ལུང་བར(硅谷)བཏང་ཞིང་ཤེས་མེད་ཚོར་མེད་ཀྱིས་ཨ་རིའི་ལག་རྩལ་རྩེ་གྲ་དག་ཁྱེར་ཏེ་རྒྱ་ནག་གི་མཐོ་རིམ་ལག་རྩལ་གྱི་རྟེན་གཞི་རུ་བཞག

ཡིན་ནའང་ཞི་ཅིན་ཕིང་གིས་ཧམ་ཤེད་ཆེ་བའི་ལམ་ཐུག་མཁྲེགས་པོ་ཞིག་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། ཁོས་སྣེ་ཁྲིད་བྱས་པའི་སྐབས་སུ་ཨ་རིར་རྒོལ་བའི་སྨྲ་བརྗོད་ཀྱང་གཞུང་ཕྱོགས་དྲྭ་ལམ་ཁག་ཏུ་གང་སར་ཁྱབ་ཅིང་རྒྱ་ནག་སྲིད་གཞུང་གིས་ཡ་གླིང་གི་ཨ་རིའི་དམག་དོན་གནས་སྟངས་ལ་འགྲན་རྩོད་ཀྱི་རྣམ་འགྱུར་གསལ་བོ་བསྟན། རྒྱ་ནག་སྲིད་གཞུང་གིས་ཐའེ་ཝན་དང་ལྷོ་ཕྱོགས་རྒྱ་མཚོ་ལ་བྱ་སྤྱོད་རྩུབ་མོ་བཟུང་བར་མ་ཟད་རྒྱ་ནག་གི་དམག་གྲུ་མངག་གཏོང་བྱས་ཏེ་ཨ་ལ་སི་ཁ་རྒྱ་མཚོའི་ཉེ་འགྲམ་གྱི་ཨ་རིའི་མཚོ་ཁུལ་བརྒྱུད་ནས་སོང་བ་དང་། རྗེས་སུ་རྒྱ་ནག་སྲིད་གཞུང་གིས་དེ་ནི་རྒྱལ་སྤྱིས་ཁས་ལེན་པའི“གནོད་མེད་ཤར་གཏོང”དབང་ཆ་ལག་བསྟར་བྱས་པ་ཡིན་ཞེས་ཁྱབ་སྒྲོག་བྱས་མོད་ཀྱང་ཐེངས་འདིའི་བྱ་སྤྱོད་ལས་དམག་ཤུགས་ངོམ་གྱིན་པ་ཤེས་ཐུབ།

པེ་ཅིང་གི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱིས་ཕྱི་སྡོད་རྒྱ་ནག་བ་མང་པོར་བསླུ་བྲིད་བཏང་ནས་རྒྱལ་ཁབ་གཞན་པའི་ཆབ་སྲིད་ལ་སིམ་འཛུལ་བྱས་པ་མ་ཟད་རྒྱལ་ཁབ་དེ་དག་གི་མཐོ་རིམ་ལག་རྩལ་བརྗེ་སྒྱུར་ཐུབ་པའི་དྲྭ་རྒྱ་ཞིག་གཟུག་རྩིས་ཡོད་ལ། ཁོ་ཚོས་དེ་ལ་གསལ་བསྒྲགས་ཀྱི་འཐབ་ཇུས་བཏོན་པ། དཔེར་ན་གཞུང་ཕྱོགས་ཀྱིས་བསྡུས་པའི“མཛངས་མི་སྟོང་ཕྲག་གི་འཆར་གཞི”ལྟ་བུའི་རྣམ་གྲངས་དང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལ་འགན་ཁུར་བའི་གསང་བའི་ལས་འགུལ་ལྟ་བུས་ཤེས་ཐུབ།

ཨ་རི་བའི་སྤྱི་ཚོགས་ཁྲོད་འབད་པ་འདི་དག་ལ་ཉེན་བརྡ་བཏང་ཞིང་མཁས་པ་ཆེན་པོ་དང་ཨ་རི་སྲིད་གཞུང་གི་དཔོན་པོས་གྲུབ་པའི་ཚོ་ཆུང་གཉིས་ཀྱིས་༢༠༡༧ལོ་དང༢༠༡༨ལོར་ཨ་རིས་རྒྱ་ནག་ལ་བཟུང་བའི་ལྟ་ཚུལ་རྩ་བ་ནས་བརྗེ་དགོས་པའི་བསམ་འཆར་བཏོན་ཡོད་ལ། ཚོ་ཆུང་འདི་དག་གི་ཚོགས་མི་ཕལ་ཆེ་བ་ཞི་འཇམ་ཕྱོགས་ཁག་ཏུ་གཏོགས་པས་རྒྱ་ནག་ལ་ལྟ་སྟངས་ཡག་པོ་བཟུང་ཡོད་མོད། འོན་ཏེ་ཁོ་ཚོའི་བསམ་འཆར་རེ་འགའ་དང་ཐུ་རོམ་ཕུ་སྲིད་གཞུང་གི་བཙན་པོའི་ཕྱོགས་ཁག་གི་བསམ་འཆར་རེ་འགའ་མ་གྲོས་གཅིག་མཐུན་དུ་གྱུར་བས་བཙན་པོའི་ཕྱོགས་ཁག་གིས་ཀྱང་རྒྱ་ནག་ནི་ཨ་རིའི་དགྲ་བོ་གཙོ་བོ་དང་བདེ་འཇགས་ཀྱི་འཇིགས་སྐུལ་བ་ཡིན་པར་བལྟ། ཞི་ཅིན་ཕིང་གི་ངོས་ནས་འགྱུར་ལྡོག་འདི་དག་ཅི་ཡང་ཤེས་མེད་མོད་སྲིད་འཛིན་ཐུ་རོམ་ཕུས་སྒོ་ཁྲལ་གྱི་ཐོག་ནས་རྒྱ་ནག་ལ་རྡུང་རྡེག་གཏོང་དུས་གཙོ་འཛིན་ཞི་ཅིན་ཕིང་ཅི་བྱ་གཏོལ་མེད་ཀྱི་མཚམས་སུ་གྱར་རོ།།

རྒྱ་ནག་དང་ཨ་རིའི་རྩོད་གཞིས་ཡ་གླིང་གི་ས་ཆ་གཞན་པ་དང་ཨོ་སི་ཁྲི་ལི་ཡ། ནེའུ་ཛི་ལན་དང་ཡོ་རོབ་སོགས་ལ་ཤུགས་རྐྱེན་ཐེབས་ཤིང་ཟླ་སྔོན་མར་རྒྱ་ནག་དང་ཡོ་རོབ་ཀྱིས་བྷུ་རོའུ་སི་སིལ་(Brussels)མཐོ་རིམ་གླེང་སྟེགས་འཚོགས་རྗེས་ཡོ་རོབ་མནའ་འབྲེལ་གྱི་ཁྲོམ་རའི་ཆོག་མཆན“ལེགས་བཅོས”གཏོང་བར་རྒྱ་ནག་འཐད་པ་བྱུང་ལ། ཡོ་རོབ་མནའ་འབྲེལ་གྱི་ཁེ་ལས་ལག་རྩལ་བརྗེ་སྒྱུར་མཚམས་བཞག་ནས་རྒྱ་ནག་གི་ཁེ་ལས་ལ་སྲིད་གཞུང་ངོས་ནས་ཁ་གསབ་རོགས་དངུལ་ཅ་ནོམ་པ་སྤྲོད་པའི་སྲིད་ཇུས་ཇེ་ཉུང་དུ་གཏོང་བར་བགྲོ་གླེང་མཛད། ཁ་གསབ་རོགས་དངུལ་གྱིས་ཕྱི་རྒྱལ་གྱི་ཁེ་ལས་དག་ལ་འདྲ་མཉམ་མིན་པའི་འགྲན་རྩོད་ཀྱི་དགེ་མཚན་ཞིག་སྐྲུན་ཡོད་པར་རྒྱལ་ཁབ་གཞན་པའི་སྲིད་གཞུང་དག་གིས་འདོད། བཟོད་སྒོམ་འདི་དག་ཕན་ཚུན་ཞི་འཇམ་དང་ཁས་ལེན་གྱིས་མཉམ་སྤེལ་བྱས་པའི་གསལ་བསྒྲགས་ཤིག་ཡིན་མོད་ཀྱང་། རྒྱ་ནག་ལ་མཚོན་ན་མངོན་གསལ་གྱི་དཀྱོགས་མཚམས་ཆེན་པོ་ཞིག་སྟེ། དེས་འཛམ་གླིང་ཧྲིལ་བོར་དབང་སྒྱུར་བྱེད་འདོད་པའི་རྒྱ་ནག་གི་ཧམ་སེམས་ཀྱང་ཉམས་དམས་སུ་གཏོང་ངོ་།།

ཞི་ཅིན་ཕིང་གི་དུས་སུ་འབྱུང་བའི་རྒྱུ་མཚན་མཐའ་དག་ལོ་རྒྱུས་ཀྱི་ངོས་སུ་ཕལ་ཆེར་གསལ།

དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བའི་མཇུག་ལ་མའོ་ཙེ་ཏུང་གིས་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ནང་གི་སོ་ཝེ་ཏ་མནའ་འབྲེལ་གྱི་སྣེ་ཁྲིད་ཐོབ་ཐང་ལ་འགྲན་བཙུགས་ཤིང་། སྐབས་ཐོག་དེར་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱིས་ཨ་རི་གཙོ་བྱས་པའི་འཛམ་གླིང་སྒྲིག་ལམ་གྱི་སྟོབས་ཤུགས་ཆེན་པོ་དག་རྩ་གཏོར་བྱས་ན་བསམས་ཡོད། མའོ་ཙེ་ཏུང་གིས་འཛམ་གླིང་ཧྲིལ་བོར་ཁ་ལོ་སྒྱུར་བའི་གོ་གནས་འཚོལ་གྱིན་པ་དེ་རྒྱ་ནག་གི་གོང་མ་ནི་གནམ་འོག་གི་ཁྲིམས་མཐུན་དབང་སྒྱུར་མཁན་ཡིན་པར་འདོད་པའི་བསམ་བློ་དང་མཐུན། འོན་ཏེ། མའོ་ཙེ་ཏུང་གིས་རང་ངོ་རང་གིས་མ་ཟིན་པ་ཙམ་ལས་དེ་དུས་ཀྱི་རྒྱ་ནག་ལ་སྟོབས་ཤུགས་ཆེན་པོ་མེད། སོ་ཝེ་ཏ་མནམ་འབྲེལ་གྱིས་རྒྱ་ནག་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་མེད་པར་བཏང་ཞིང་རྒྱ་ནག་ཏུ་ཡོད་པའི་ལག་རྩལ་དང་ཆེད་མཁས་པ་ཚང་མ་ཕྱིར་འཐེན་བྱས་པ་དེས་གནས་བབ་བཟང་བོ་མེད་པའི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལ་རྡུང་རྡེག་ཆེན་པོ་བཏང་།

ཞི་ཅིན་ཕིང་གིས་ཨ་རིའི་འཛམ་གླིང་ཧྲིལ་བོའི་གོ་གནས་ལ་འགྲན་བཙུགས་པ་དེ་མའོ་ཙེ་ཏུང་དང་སོ་ཝེ་ཏ་མནའ་འབྲེལ་ཇི་བཞིན་ཁ་ཕོ་ཆེ་ཞིང་དུས་ཚོད་སྔ་བ་དང་། ཞི་ཅིན་ཕིང་གི་མི་འདང་ས་གཙོ་བོ་གཞན་ཞིག་ནི་ལོ་ངོ་མང་པོར་ཁོས་སྔ་རྗེས་མཐུན་པའི་སྲིད་ཇུས་ཤིག་བཏོན་ནས་རྒྱ་ནག་གི་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བཞིན་པ་སྔོན་འགོག་མ་ཐུབ་དེ་ཡིན།  ༢༠༡༨ལོའི་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་(GDP)འཕེལ་ཚད་ནི་ལོ་ངོ་ཉེར་བརྒྱད་རིང་ཆེས་དམའ་ཤོས་སུ་མཐོང་ལ། ད་ལོའི་དུས་ཚིགས་དང་པོའི་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་(GDP)འཕེལ་ཚད་བརྒྱ་ཆ་༦.༤ ཡིན་པ་དེ༡༩༩༣ལོའི་དུས་ཚིགས་དེའི་བརྒྱ་ཆ་ ༡༥.༤ཡི་ལོ་རྒྱུས་སྟེང་གི་ཆུ་ཚད་ཆེས་མཐོ་བ་ལ་བར་ཐག་ཧ་ཅང་རིང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་བལྟས་ན་འཕེལ་ཚད་བརྒྱ་ཆ་ ༦.༤ ནི་སྨོན་པ་འཆོར་ཡུལ་གྱི་གནས་ཤིག་ཡིན་མོད། འཕེལ་ཚད་ཇེ་སྡུག་ཏུ་གྱུར་བ་དེས་རྒྱ་ནག་གི་་འགོ་ཁྲིད་ཚོར་སེམས་ཁུར་ཆེན་པོ་ཐོན་ཞིང་རྒྱ་ནག་གི་དཔལ་འབྱོར་གྲུབ་ཚུལ་གྱི་གནད་དོན་གཙོ་བོའང་དེ་ཡིན། ལྷག་པར་དུ་རྒ་བའི་མི་གྲངས་ཇེ་མང་དང་ངལ་རྩོལ་ནུས་ཤུགས་ཇེ་ཉུང་དུ་སོང་བ། སྤྱིའི་བུ་ལོན་དང་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་གི་རིན་ཐང་བསྡུར་ཚད་ ༢༠༡༨ ལོའི་དུས་ཚིགས་དང་པོར་བརྒྱ་ཆ་ ༣༠༠ ལྷག་གི་ཁྱད་པར་ཤོར། ཉི་ཧོང་དངུལ་ཁང་གི་ནོ་མུ་ར་(NOMURA)དངུལ་འཛིན་གྱིས་ཚོད་དཔོག་བྱས་ན་རྒྱ་སྒོར་གྱིས་རྩིས་བརྒྱབ་པའི་བུན་འཛིན་སྒྲིག་འགལ་ཚད་གཞི༢༠༡༧ལོ་ནས་༢༠༡༨ལོའི་བར་དུ་ལྡབ་གཉིས་ཙམ་འཕར་འདུག

མི་གྲངས་དང་བུ་ལོན་གྱི་རྐྱེན་གྱིས་མི་སྒེར་མ་འཇོག་དང་འཛད་སྤྱོད་མང་པོར་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐུབ་ཀྱིན་མེད། རྒྱ་ནག་གི་དཔལ་འབྱོར་ཁྲོད་དུ་ཐོན་ནུས་ལྷག་མ་(过剩产能)མང་པོ་ཡོད་མོད་སྲིད་གཞུང་གི་སྐུལ་འདེད་བྱེད་ཐབས་ལ་འབྲས་བུ་ཆེན་པོ་མ་བྱུང་། རྒྱལ་སྤྱིའི་དངུལ་ལོ་ཐེབས་རྩའི་རྩ་འཛུགས་ཀྱི་གཞི་གྲངས་གཞིར་བཟུང་ན་ཉིས་སྟོང་བརྒྱད་ལོར་རྒྱ་སྒོར་དུང་ཕྱུར་ཁྲི་གཅིག་གི་ཡིད་རྟོན་དངུལ་བུན་གྱིས་དུང་ཕྱུར་ཁྲི་གཅིག་གི་དཔལ་འབྱོར་བསྐྲུན་ཐུབ་མོད། ༢༠༡༧ལོར་༣.༥ བསྡུར་ཚད་ ༡ ཏུ་གྱུར་འདུག་པ་འདིས་ཞི་ཅིན་ཕིང་གིས་དཔལ་འབྱོར་གྲུབ་ཚུལ་གྱི་གནད་དོན་ཐད་ནས་ཐག་གཅོད་ཅི་ཡང་བྱེད་མ་ཐུབ་པ་ཤེས་སོ།།

དུས་རབས་གསར་བའི་དུས་མགོར་མི་གྲངས་གནད་དོན་མངོན་གསལ་དུ་གྱུར་ནའང་ཞི་ཅིན་ཕིང་གིས་༢༠༡༦ལོར་མ་གཏོགས་བྱིས་པ་གཉིས་བཙའ་ཆོག་པའི་སྲིད་ཇུས་ལག་བསྟར་མ་བྱས་པ་འདི་དུས་ཚོད་ཀྱི་ཆ་ནས་ཧ་ཅང་དལ་སོང་བ་མིན་ནམ། སྲིད་ཇུས་བསྒྱུར་བ་ནས་རྒྱ་ནག་ནང་ལོ་རེ་བཞིན་བྱིས་པ་བཙའ་ཚད་ཇེ་དམའ་རུ་སོང་ཞིང་། ༢༠༡༨ལོ་ནི༡༩༦༡ལོ་ནས་བཟུང་ད་ལྟའི་བར་གྱི་བྱིས་པ་སྐྱེས་ཚད་ཆེས་དམའ་ཤས་སུ་གྱུར་ཡོད་ལ། ༢༠༡༥ ལོར་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བའི་དཔལ་འབྱོར་སྐུལ་འདེད་ཀྱི་འཆར་གཞི་དེ་ཁོའི་འགོ་ཁྲིད་སྔ་མས་ཉིས་སྟོང་དགུ་ལོའི་འཛམ་གླིང་དངུལ་རྩའི་ཉེན་ཁར་དམིགས་ནས་བཏོན་པའི་བྲེལ་འཚུབ་རོགས་སྐྱོར་འཆར་གཞི་ལས་བརྒྱ་ཆ་ ༢༥ ཙམ་གྱིས་མཐོ། ཞི་ཅིན་ཕིང་གིས་སྲིད་གཞུང་ལ་བརྟེན་ཞིང་སྲིད་གཞུང་གིས་མ་དངུལ་གཏོང་བའི་དཔལ་འབྱོར་གྱི་རྣམ་པ་འདི་ལས་གྲོལ་དགོས་ཞེས་ཁ་སྟོང་ནང་གི་ཚིག་སྟོང་ཡང་ཡང་བཤད་མོད། དུས་དེར<<Forbes >>སྟེང་གི་རྩོམ་ཡིག་ཅིག་གཞིར་བཟུང་ན་ལོ་དེའི་ཟླ་དང་པོ་དང་གཉིས་པར་ཁོའི་སྲིད་གཞུང་གིས་དངུལ་བུན་གསར་བསྐྱི་དང་བསྲེས་དངུལ་མཉམ་བསྡུ་མཁོ་སྤྲོད་བྱས་པའི་གྲངས་ཀ་དེ་༢༠༡༥ལོའི་ལོ་ཧྲིལ་བོའི་བསྡོམས་འབོར་ལས་ཀྱང་མང་།

མི་རྣམས་ཀྱིས་ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱེད་དོན་གསུམ་པ་དེ་ཁོས་སྣེ་ཁྲིད་བྱས་པའི་རྒྱ་ནག་གི་སྤྱི་དམངས་དང་ཚོང་ལས་ཀྱིས་འཛམ་གླིང་གི་ས་ཆ་སོ་སོ་རུ་བྱ་སྤྱོད་རྒྱ་ཡན་དུ་བཏང་ཞིང། བྱ་སྤྱོད་འདི་དག་གིས་རྒྱལ་སྤྱིའི་སྒང་གི་རྒྱ་ནག་གི་མཚན་སྙན་བརླག་པར་མ་ཟད་རང་གི་ཀུན་སྤྱོད་ལའང་རྡོག་བརྫིས་ཚད་མེད་བཏང་། དཔེར་ན་ཤེས་རིག་ཐོན་སྐྱེད་ཀྱི་དབང་ཚད་ཀྱི་ཕྱོགས་ནས་རྒྱ་ནག་གི་མཐོ་རིམ་ལག་རྩལ་རྩེ་གྲ་ཧྭ་ཝེ་སྤྱི་གཉེར་ཁང་གིས་ཤེས་རིག་ཐོན་སྐྱེད་ཀྱི་དབང་ཚད་རྐུ་འཁྱེར་བྱེད་པར་ལས་བཟོ་བ་ལ་རྟིང་སྐུལ་གྱི་སྲིད་ཇུས་བཏོན་ཡོད་ལ། དེའི་བདེན་དཔང་ཐམས་ཅད་ཨ་རིའི་ལག་ཏུ་ཚུད་འདུག ངས་སྔོན་ཆད་བྲིས་པ་ནང་བཞིན་༢༠༡༧ལོའི་རྒྱ་ནག་གི་<<རྒྱལ་ཁབ་གསང་འཕྲིན་བཅའ་ཁྲིམས།>>གཞིར་བཟུང་ན་སྲིད་ཇུས་འདི་རིགས་ལ་སྐུལ་མ་ཐོབ་པ་མ་ཟད། བཙན་ཤུགས་བྱས་ཀྱང་ཆོག་གོ།།

གནའ་ནས་བཟུང་རྒྱ་ནག་ནི་ཀུན་སྤྱོད་ཚུལ་མཐུན་དང་བྱ་སྤྱོད་ཚད་ལྡན་བརྩི་བའི་རོའུ་ལུགས་པའི་རྒྱལ་ཁབ་ཅིག་ཡིན་ཙང་། ཞི་ཅིན་ཕིང་གིས་རྒྱལ་ནང་གི་རུལ་སུངས་ལ་རྡུང་རྡེག་ཆེན་པོ་བཏང་མོད་ཀྱང་ཕྱི་རྒྱལ་གྱི་ཀུན་སྤྱོད་ངན་རུལ་ལ་སྐུལ་མ་ཆེན་པོ་བྱས་ཡོད་པས་ཁོའི་ཡ་ཆུང་སེམས་སུ་ཡོད་པའི་རྒྱ་ནག་ནི་རྒྱལ་ཞེན་ཆེ་བའི་རྐུན་མའི་རྒྱལ་ཁབ་ཅིག་རེད། དེའི་རྐྱེན་གྱིས་རྒྱ་ནག་བ་ཚང་མའི་ངོ་སོ་ཐང་ལ་གཡུགས་ཤིང་ད་ལྟའི་ཆར་ཕྱི་རྒྱལ་གྱི་ཉེས་མེད་པ་དག་ལའང་དཀའ་ཁག་མང་པོ་བྱུང་ངོ་།།

གལ་ཏེ་འགོ་ཁྲིད་ཀྱི་ནོར་འཁྲུལ་གྱིས་རྒྱལ་ནང་གི་འགྲན་ཡ་ལ་སྲིད་སྟེགས་ལས་མར་འབབ་པའི་རྒྱུ་མཚན་ཡལ་བ་མེད་པ་ཞིག་མ་བྱུང་ཚེ། ན་ནིང་རྩ་ཁྲིམས་བཅོས་བ་ནས་བཟུང་མི་རྣམས་ཀྱིས་ཞི་ཅིན་ཕིང་ནི་མའོ་ཙེ་ཏུང་གི་རྗེས་སུ་བྱུང་བའི་རྒྱ་ནག་གི་སྣེ་ཁྲིད་པ་ཆེས་སྟོབས་ལྡན་ཞིག་ཏུ་འདོད་ལ། མི་ཚེ་གང་བོར་ཁོ་རང་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་འགྱུར་ཡང་སྲིད་དོ།།

རྩོམ་པ་པོ་ལན་ཡི་ཀྲིན(练乙铮)ནི་ཧོང་ཀོང་དང་ཡ་གླིང་ལས་དོན་གྱི་དཔྱད་བརྗོད་པ་ཞིག་དང་། ད་ལྟ་ཉི་ཧོང་གི་ཡཱ་མ་ན་ཧྲི་སློབ་གླིང་སློབ་ཆེན(Yamanashi Gakuin University)གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཞིག་ཡིན་པ་རེད།

མ་ཡིག་འབྲེལ་ཐགhttps://cn.nytimes.com/opinion/20190508/xi-trump-trade-war-china-leadership/

བསྐྱར་བཅོས།: ༢༠༡༩/༠༦/༡༩

Leave a Reply

One thought on “ཉོ་ཚོང་འགལ་ཟླ་ལས་ཞི་ཅིན་ཕིང་གི་ནུས་མེད་རང་བཞིན་མཐོང་ཐུབ།

  1. གནའ་ནས་བཟུང་རྒྱ་ནག་ནི་ཀུན་སྤྱོད་ཚུལ་མཐུན་དང་བྱ་སྤྱོད་ཚད་ལྡན་བརྩི་བའི་རོའུ་ལུགས་པའི་རྒྱལ་ཁབ་ཅིག་ཡིན་ཙང་ཟེར་བ་འདི་གནང་གཏམ་ཞིག་ལས་མ་འདས་ད་ལྟའི་དུས་འདིར་འཛམ་གླིང་འདི་ན་བཟང་སྤྱོད་མེད་པའི་རྒྱལ་ཁབ་ཞིག་དངོས་འཛིན་དགོས་ན་རྒྱ་ནག་ལས་མེད་པ་གསལ་བོ་རེད། འོན་དང་མི་དམངས་རྣམས་ལན་པ་རེད་ཟེར་བ་མིན་ན་ཡང་རྒྱ་གཞུང་གིས་སློབ་གཏོན་དང་ཁྱབ་བསྒྲགས་ཀྱིས་དབང་གིས་མྱི་སེམས་ལ་བག་ཆགས་ཤིག་སྐྲུན་པ་རེད་འདོད། གང་ལྟར་སྟོབས་ཆེན་རྒྱལ་ཁབ་ཚང་མ་གཅིག་གྱུར་གྱིས་དམར་གཞུང་ལ་ངོ་རྒོལ་བྱེད་དགོས་པ་གལ་ཆེན་རེད། དེ་མ་བྱུང་བར་རྒྱ་ནག་དཔལ་འབྱོར་སོགས་མགོ་ཤོར་ན་ཉམས་ཆུང་རྒྱལ་ཁབ་ཚོའི་སྐད་ཤོར་བ་རང་རེད།