སོ་ཌི་གཞུང་གིས་གསར་འགོད་པ་ལྐོག་གསོད་བཏང་བ་ཁུངས་སྐྱེལ་བྱས།

གསར་འགོད་པ་ཇ་མལ་ཁ་ཤོ་གྷི་ལྐོག་གསོད་ཀྱི་དོན་རྐྱེན་ཐད་སོ་ཌིའི་རྒྱལ་སྲས་ཀྱི་ཐེ་གཏོགས་ཡོད་སྲིད་པས་གནད་དོན་གཙང་མ་མ་ཆགས་བར་དུ་རྒྱལ་སྲས་ཀྱི་རྒྱལ་ཕྱིའི་རྒྱུ་ནོར་བཀག་སྡོམ་དགོས་པའི་སྐུལ་མ་བཏང་འདུགཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཉེས་དོན་ཞིབ་འཇུག་པ་ལྕམ་ཨེག་ནི་སི་ཁཱ་ལཱ་མར་ཌི་ (Agnes Callamard) ཡིས། ཨ་རིར་སྐྱབས་བཅོལ་དུ་ཡོང་བའི་སོ་ཌི་ཨ་རབ་(Saudhi Arabia) ཀྱི་གསར་འགོད་པ་ཇ་མལ་ཁ་ཤོ་གྷི་(Jamal Khashoggi) ལྐོག་གསོད་ཀྱི་གནད་དོན་ཐད་རང་དབང་ཅན་གྱི་ཞིབ་འཇུག་གྲུབ་དོན་ཞིག་གསལ་བསྒྲགས་བྱས་པའི་ནང་། གསར་འགོད་པ་ཇ་མལ་ཁ་ཤོ་གྷི་ཡི་ལྐོག་གསོད་དེའི་རྒྱབ་ལ་སོ་ཌི་ཨ་རབ་ཀྱི་རྒྱལ་སྲས་མཱོ་ཧ་མཱེཌ་བྷིན་སཱལ་མཱན་(Mohammed bin Salman) ཡོད་སྲིད་པའི་བདེན་དཔང་གང་འཚམ་ཞིག་རྙེད་སོན་བྱུང་ཡོད་སྟབས།  ཁོ་པར་རྒྱལ་སྤྱི་རང་བཞིན་གྱི་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་མགོ་བརྩམ་དགོས་པ་མ་ཟད། ཉེས་པ་མེད་པ་ར་འཕྲོད་མ་བྱུང་བར་དུ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཁོ་པའི་ས་ཁང་རྒྱུ་ནོར་བཅས་ལ་གནས་སྐབས་བཀག་སྡོམ་བྱ་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་སི་ཌིའི་གཞུང་གིས་འཆར་གཞི་སྔོན་སོང་གི་ཐོག་ནས་གསར་འགོད་པ་ཁོང་ལྐོག་གསོད་བཏང་བའི་ངོས་འཛིན་བྱས་ཡོད་འདུག

དམིགས་བསལ་ཉེས་དོན་རྟོག་ཞིབ་པ་ལྕམ་ཨེག་ནེ་སི་ཡིས་ཊར་ཀིའི་གསང་བ་ལས་ཁུངས་ཀྱིས་མཁོ་སྤྲོད་བྱས་པའི་ཁ་པར་གྱི་སྐད་ཆ་སོགས་ལ་གཞིར་བཟུང་སྟེ། དེ་སྔོན་ཤེས་རྟོགས་མ་བྱུང་བའི་གནས་ཚུལ་མི་ཉུང་བ་ཞིག་ཤེས་རྟོགས་ཐུབ་ཐུབ་ཡོད་པ་དང་། ཞིབ་འཇུག་གྲུབ་དོན་ཀྱི་མཐའ་སྡོམ་ནང་སི་ཌིའི་གཞུང་གིས་ཇ་མལ་ཁ་ཤོ་གྷི་ལྐོག་གསོད་བྱས་ཡོད་པར་ངོས་འཛིན་དང་སྦྲགས།  རྙེད་སོན་བྱུང་བའི་དཔང་རྟགས་གཞིར་བཟུང་སི་ཌིའི་གཞུང་གི་ཆེས་མཐོའི་མགོ་འཁྲིད་དག་གིས་ཚད་མཐོའི་འཆར་གཞི་དང་ལྡན་པའི་ཐོག་ནས་གསར་འགོད་པ་ཁོང་ལྐོག་གསོད་བཏང་བ་ཙམ་དུ་མ་ཟད། ཐབས་མཁས་ཀྱི་སྒོ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལྐོག་གསོད་ཀྱི་ནག་ཉེས་སྦས་སྐུང་བྱས་ཡོད་སྐོར་བཀོད་འདུག

སོ་ཌིའི་རྒྱལ་སྲས་ཀྱིས་ཇ་མལ་ཁ་ཤོ་གྷི་ལྐོག་གསོད་གཏོང་དགོས་པའི་བཀའ་བཏང་ཡོད་མེད་ཀྱི་ཐད་ལ་ཐེངས་འདིའི་ཞིབ་འཇུག་སྙན་ཐོའི་ནང་། སོ་ཌིའི་རྒྱལ་སྲས་ཀྱིས་ཐད་ཀར་བཀའ་བཏང་བའི་དཔང་རྟགས་རྙེད་སོན་མ་བྱུང་བའི་རྐྱེན་གྱིས། ཁོས་བཀའ་བཏང་བ་བརྗོད་ཐབས་མི་འདུག་ཀྱང་། ལྐོད་གསོད་འདི་སི་ཌིའི་གཞུང་གིས་ལག་བསྟར་བྱས་པ་ཞིག་ཡིན་པ་གསལ་པོ་ཡིན་པས། དེར་མཐུན་གྱི་ཞིབ་འཇུག་ཅིག་མགོ་འཛུགས་དགོས་སྐོར་བརྗོད་འདུག

ཡང་ད་ལན་གྱི་ཞིབ་འཇུག་བརྒྱུད་རིམ་ཁྲོད་གནད་དོན་ཆེན་པོ་འགའ་ཤས་ཤིག་འཚོལ་ཞིབ་བྱས་ཐུབ་ཡོད་འདུག ཐོག་མར་ཇ་མལ་ཁ་ཤོ་གྷི་སོ་ཌིའི་གཞུང་ཚབ་ཁང་དུ་སྐྱོད་སྐབས་གཞུང་འབྲེལ་མི་སྣ་དག་གིས། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་(Interpol)ཀྱིས་ཁོ་སོ་ཌིའི་ནང་གཏོང་དགོས་སྐོར་བརྗོད་ཡོད་ལུགས་རྫུན་གཏམ་བཤད་པ་དང་སྦྲགས། ཁོ་རང་གི་བུ་ལ་སོ་ཌིར་བསྐྱོད་རྒྱུ་ཡིན་པའི་འཕྲིན་ཞིག་བསྐུར་དགོས་སྐོར་བརྗོད་ཡོད་པ་མ་ཟད། མགྱོགས་པོར་འཕྲིན་དེ་འབྲི་རོགས། ཁྱེད་ཀྱིས་ང་ཚོར་རོགས་འདེགས་བྱེད་དགོས། གང་ཡིན་ཟེར་ན། མཐའ་མཇུག་དེར་ང་ཚོས་ཁྱེད་རང་སོ་ཌི་ཨ་རབ་ནང་འཁྲིད་ངེས་ཡིན། ཁྱེད་ཀྱིས་མཇུག་འབྲས་གང་ཐོན་སྲིད་པ་ཤེས་ཀྱི་ཡོད་སྟབས་ང་ཚོར་རོགས་འདེགས་བྱེད་དགོས། ང་ཚོས་གནད་དོན་འདི་རྙོག་དྲ་མེད་པའི་ཐོག་ནས་ཐག་གཅོད་བྱེད་དགོས། ཞེས་ཉེན་བརྡ་བཏང་བར། ཇ་མལ་གྱིས་དེ་ལྟར་མ་བྱས་པའི་རྐྱེན་གྱིས་ཕྱོགས་གཉིས་བར་ཁ་རྩོད་བྱུང་ཡོད་པ་དང་། ཇ་མལ་གྱིས་གནས་སྟངས་ལེགས་པོ་ཤིག་མིན་པ་ཤེས་ཏེ་གཞུང་འབྲེལ་མི་སྣ་དག་ལ། ཁྱེད་ཚོས་ང་ལ་མྱོས་རྫས་སྤྲོད་རྩིས་མིན་ནམ། ཞེས་དྲིས་པར། ང་ཚོས་ཁྱོད་དྲན་པ་འཐོར་དུ་འཇུག་གི་ཡིན། ཞེས་བརྗོད་ཡོད་པ་དང་། ཏོག་ཙམ་རྗེས་སུ་གཞུང་འབྲེལ་མི་སྣ་དེ་ཚོའི་བར་ཁོ་ཉལ་སོང་ངམ། ཞེས་དང་། ཁོའི་མགོ་ཡར་བཀྱག་གི་འདུག མུ་མཐུད་མར་མནན་ནས་སྡོད། ལག་པ་མ་ལྷོད། མར་གནོན། ཅེས་པའི་སྐད་ཆ་དང་མཉམ་དུ་དབུགས་གསུབ་ཐེབས་པའི་སྐད་སྒྲ་གསལ་པོ་གོ་རྒྱུ་ཡོད་པ་དང་། ཊར་ཀིའི་གསང་བའི་ལས་ཁུངས་ཀྱིས་ཁོ་ཚོས་དང་ཐོག་ཇ་མལ་ཁ་ཤོ་གྷི་དྲན་མེད་བཟོས་ཏེ་མཐར་དབུགས་གསུབ་བཏང་ནས་བསད་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག ཡང་ཁ་པར་གྱི་སྐད་ཆ་ཞིག་ནང་། སོ་ཌིའི་གཞུང་འབྲེལ་མི་སྣའི་བར་ལ་ཕུང་པོ་ཇི་ལྟར་གཡུག་དགོས་པའི་སྐོར་དང་འབྲེལ་བའི་ཁ་བརྡ་བྱས་པ་ཞིག་རྙེད་ཡོད་པ་དང་། དེ་ནི་ཇ་མལ་ཁ་ཤོ་གྷི་བསད་རྗེས་ཇི་ལྟར་ཁོའི་ཕུང་པོ་མེད་པར་བཟོ་དགོས་པའི་སྐོར་ནས་གྲོས་བསྡུར་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱས་འདུགགཞན་ཡང་། ཞིབ་འཇུག་གྲུབ་དོན་དེའི་ནང་ཇ་མལ་ཁ་ཤོ་གྷི་ལྐོག་གསོད་གཏོང་རྒྱུའི་འཆར་གཞི་ཆེས་གསང་བའི་ཐོག་ནས་བསྒྲིགས་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ནས་འཆར་གཞི་འདིང་མགོ་བརྩམས་ཡོད་སྐོར་བརྗོད་པ་དང་སྦྲགས། ཨ་རི་དང་ཊར་ཀི་གཞུང་གཉིས་ལ་རྒྱལ་སྤྱིའི་སྒྲིག་ཁྲིམས་གཞིར་བཟུང་སྐུ་ཞབས་ཇ་མལ་ཁ་ཤོ་གྷི་སྲུང་སྐྱོང་བྱེད་རྒྱུའི་འགན་ཡོད་ཀྱང་། འགན་འཁུར་ཏག་ཏག་བླངས་མེད་པ་དང་། སི་ཌིའི་གཞུང་གིས་ལྐོག་གསོད་ཀྱི་གནད་དོན་དང་འབྲེལ་བའི་ཁྲིམས་བཤེར་ཁག་ཕྱི་གསལ་ནང་གསལ་མིན་པ་དང་། ཉེས་ཅན་པ་རྣམས་ད་དུང་ཁ་གསལ་བཟོས་མེད་པའི་རྐྱེན་གྱིས་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ། དེ་བཞིན་ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་ཌིའི་གཞུང་འབྲེལ་མི་སྣ་ཁག་གི་ཐོག་ལ་བཀལ་བའི་ཉེས་ཆད་དེ་དག་འདང་ངེས་ཤིག་མིན་པ་མ་ཟད། ལྐོད་གསོད་དེ་སི་ཌིའི་གཞུང་གིས་བྱས་པ་ཞིག་ཡིན་སྟབས། སི་ཌིའི་གཞུང་གི་མགོ་འཁྲིད་རྒྱལ་སྲས་མཱོ་ཧ་མཱེཌ་བྷིན་སཱལ་མཱན་དང་རྒྱལ་པོ་སཱལ་མན་(Salman) གཉིས་ལ་འགན་ཡོད་པས། རྒྱལ་སྲས་མཱོ་ཧ་མཱེཌ་བྷིན་སཱལ་མཱན་ལྐོག་གསོད་དེའི་རྒྱབ་ལ་མེད་པ་བདེན་དཔང་མ་ཐུབ་བར་དུ་ཕྱིའི་ཡུལ་གྲུ་ཁག་ཏུ་ཡོད་པའི་ཁོའི་ས་ཁང་རྒྱུ་ནོར་དང་བཅས་པར་གནས་སྐབས་གཞུང་བཞེས་གཏོང་དགོས་པའི་སྐུལ་མ་བཏང་ཡོད་འདུག

ལྕམ་ཨེག་ནེ་སིའི་ཞིབ་འཇུག་གྲུབ་དོན་གསལ་བསྒྲགས་བྱས་པ་དང་འབྲེལ། ཕྱི་ཚེས་ ༡༨ ཉིན་སོ་ཌིའི་ཕྱི་སྲིད་བློན་ཆེན་ཨ་ཌེལ་ཨཱལ་ཇུ་བྷེར་(Adel al-Jubeir) གྱིས་སྤྱི་ཚོགས་དྲ་ལམ་ཊུ་ཝི་ཊར་དུ། འདི་གནས་ཚུལ་གསར་པ་ཞིག་མིན། ཞིབ་འཇུག་སྙན་ཐོའི་ནང་དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་གིས་བརྒྱུད་སྒྲོག་བྱས་པའི་གནས་ཚུལ་རྣམས་བསྐྱར་བཤད་བྱས་འདུག ཅེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་བསལ་ཉེས་དོན་ཞིབ་འཇུག་བཏོན་པའི་སྙན་ཐོའི་ནང་འགལ་ཟླ་དང་། གཞི་མེད་ཀྱི་གནས་ཚུལ་བཀོད་འདུག་པས་ཡིད་རྟོན་བྱེད་ཐབས་མི་འདུག ཅེས་བརྗོད་འདུག ཡིན་ན་ཡང་། ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཟུར་པ་མེ་ཐིའུ་བྷི་རི་ཛ་ (Matthew Bryza) ཡིས། ཐེངས་འདིའི་ཉེས་ཞིབ་འཇུག་སྙན་ཐོ་དེར་ཞིབ་ཕྲ་ལྡན་ཡོད་པ་དང་། ཧང་སངས་ཤིང་འཇིགས་སྣང་ཆེ་བའི་ཞིབ་ཕྲའི་གནས་ཚུལ་དེ་དག་གིས། སི་ཌིའི་གཞུང་གིས་འདྲི་གཅོད་ཅིག་ཡིན་ཟེར་བ་དོན་དངོས་ཤིག་ཡིན་མི་སྲིད་པ་གསལ་སྟོན་བྱས་སོང་། གནད་དོན་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱོགས་ལྷུང་མེད་པའི་ཞིབ་འཇུག་ཅིག་འཛུགས་དགོས་ཀྱི་ཡོད། ཅེས་བརྗོད་འདུག

སོ་ཌི་གཞུང་ལ་དགག་སྒྲུབ་ཀྱི་རྩོམ་ཡིག་དང་གཏམ་བཤད་སྤེལ་མཁན་གསར་འགོད་པ་སྐུ་ཞབས་ཇ་མལ་ཁ་ཤོ་གྷི་ལྐོག་གསོད་བཏང་ནས་ཟླ་ ༨ ལྷག་འགྲོ་བཞིན་ཡོད་ཀྱང་། ད་བར་ཁོ་པའི་ཕུང་པོ་ལག་སོན་བྱུང་མེད་པ་མ་ཟད། སོ་ཌིའི་གཞུང་འབྲེལ་མི་སྣ་དག་ལ་བཀའ་གཏོང་མཁན་ལྟེ་བ་དེ་སུ་ཡིན་མིན་སོགས་ད་དུང་གསལ་ཁ་ཆགས་མེད་ལ། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་དང་། ཉེ་ཡངས་ཚོགས་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་ཨ་རི་དང་ཊར་ཀི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་དག་གིས། རྒྱལ་ཁབ་ཀྱི་ཚོང་གི་འབྲེལ་ལམ་ཁོ་ནར་ཁ་གཡར་ཏེ་སོ་ཌི་གཞུང་ལ་གནོན་ཤུགས་དེ་ཙམ་སྤྲོད་ཐུབ་མེད་པ་དང་། ཁྱད་པར་དུ་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཇ་མལ་ཁ་ཤོ་གྷི་ལྐོག་གསོད་དོན་རྐྱེན་དེ་རྫབ་ཆེན་ཞིག་ཡིན་ཚུལ་བརྗོད་པ་ཙམ་ལས། སོ་ཌི་གཞུང་ལ་ཐད་ཀར་གནོན་ཤུགས་སྤྲད་མེད་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་། དབྱེ་ཞིབ་པ་མང་པོས་སོ་ཌི་འདི་འཛམ་གླིང་ནང་གི་གོ་མཚོན་ཉོ་མཁན་ཆེ་ཤོས་དེ་ཡིན་པ་མ་ཟད། འཛམ་གླིང་གི་རྡོ་སྣུམ་ཐོན་སྐྱེད་པ་ཆེ་ཤོས་གྲས་ཡིན་པ། ལྷག་པར་ཏུ་ཨ་རིའི་ས་ནས་གོ་མཚོན་ཕོན་ཆེ་ཤོས་ཉོ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། ཨ་རི་དང་རྒྱལ་ཁབ་གཞན་གྱིས་དེ་ཙམ་གནོན་ཤུགས་སྤྲོད་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་པ་རེད།

འཛམ་གླིང་ཐོག་སྙན་གྲགས་ཡོད་པའི་རྩོམ་པ་པོ་དང་ཨ་རིར་རྟེན་བཞི་བྱས་པའི་ཝ་ཤིན་ཊོན་ཆ་འཕྲིན་གྱི་དཔྱད་བརྗོད་པ་ཇ་མལ་ཁ་ཤོ་གྷི་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ཊར་ཀིའི་རྒྱལ་ས་ཨེ་སི་ཐན་བྷུལ་ (Istanbul, Turkey) དུ་ཡོད་པའི་སོ་ཌིའི་གཞུང་ཚབ་ཁང་དུ་གཉེན་འཐོར་དཔང་ཡིག་ལེན་དུ་ཕྱིན་རྗེས། བདུན་ཕྲག་གཉིས་ལྷག་རིང་གར་སོང་ཆ་མེད་དུ་གྱུར་ཏེ་རྒྱལ་སྤྱིའི་ཐོག་ནས་ཁོང་སི་ཌིའི་གཞུང་གིས་འཛིན་བཟུང་བྱས་པ་དང་ལྐོག་གསོད་ཐེབས་ཡོད་སྐོར་སོགས་ཀྱི་གླེང་སློང་བྱུང་བ་མ་ཟད། ཨ་རི་དང་ཊར་ཀི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་བཅས་ཀྱིས་སོ་ཌི་གཞུང་ལ་གནོན་ཤུགས་དྲག་པོ་སྤྲད་པའི་རྐྱེན་གྱིས། སི་ཌིའི་གཞུང་གིས་མཐར་ཇ་མལ་ཁ་ཤོ་གྷི་ཨེ་སི་ཐན་བྷུལ་གྱི་སོ་ཌིའི་གཞུང་ཚབ་ཁང་ནང་སོ་ཌིའི་གཞུང་འབྲེལ་མི་སྣ་ཁག་གཅིག་གིས་ལྐོད་གསོད་བཏང་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་ཀྱང་། དེའི་ཐད་སོ་ཌིའི་རྒྱལ་པོ་དང་རྒྱལ་སྲས་གཉིས་འབྲེལ་བ་སྤུ་ཙམ་མེད་སྐོར་བརྗོད་ཡོད་པ་དང་། ལྐོག་གསོད་དོན་རྐྱེན་བྱུང་ནས་བདུན་ཕྲག་འགའ་ཤས་རྗེས། སི་ཌིའི་གཞུང་གིས་སོ་ཌིའི་གཞུང་འབྲེལ་མི་སྣ་འགའ་ཤས་ལ་འདྲི་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་ལ། ད་ལན་གྱི་སྙན་ཐོའི་ནང་དུ་ཡང་ད་ལྟའི་ཆར་སི་ཌིའི་གཞུང་གིས་ལྐོག་གསོད་དང་འབྲེལ་བའི་གཞུང་འབྲེལ་མི་སྣ་ ༡༡ ལ་ཁྲིམས་བཤེར་འགྲོ་བཞིན་པའི་ཁྲོད་ ༥ ལ་སྲོག་ཁྲིམས་བཅད་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༦/༢༠

Leave a Reply