མོང་ཧོང་ཝེ་ཡི་ནག་ཉེས་བསྒྲགས།

རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ཟུར་པ་མོང་ཧོང་ཝེ་ཡིས་ལྐོག་རྔན་འབོར་ཆེན་བླངས་ཡོད་པའི་ནག་ཉེས་བསྒྲགས་འདུག རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ (Interpol) ཀྱི་འགན་འཛིན་ཟུར་པ་མོང་ཧོང་ཝེ་ (Meng Hongwei ) ལགས་ལ་ཁྲིམས་བཤེར་བྱས་ཡོད་པ་དང་། མོང་གིས་རྒྱ་སྒོར་ས་ཡ་ ༡༤ ལྷག་གི་ལྐོག་རྔན་བླངས་ཡོད་པ་ངོས་ལེན་བྱས་ཡོད་སྐོར་དང་། རྒྱ་ནག་ཐེན་ཅིན་གྲོང་ཁྱེར་ (Tianjin) ཁྲིམས་ཁང་ནས་བཅད་ཁྲ་དང་ལོ་དུས་སོགས་བསྒྲགས་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ད་ལྟའི་ཆར་ཁོང་ལ་ལོ་ག་ཚོད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་སོགས་གསལ་ཁ་མི་འདུག

ཡང་གནས་ཚུལ་དེའི་ནང་མོང་ཧོང་ཝེ་ལགས་ཀྱིས་ནག་ཉེས་ཁས་ལེན་བྱས་ཡོད་པ་དང་བསྟུན། རང་ཉིད་ཀྱི་བྱ་སྤྱོད་ལ་གནོང་འགྱོད་སྐྱེ་ཡི་ཡོད་ལུགས་དང་། ཕྱི་ལོ་ ༢༠༠༥ ལོར་རྒྱལ་ཁབ་མཚོ་ཁུལ་དོ་དམ་ཁང་དང་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་ཡིན་སྐབས་བཅས་ནག་ཉེས་འདྲ་མིན་བྱུང་ཡོད་པ་ངོས་ལེན་བྱས་ཡོད་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་མོང་ཧོང་ཝེ་ལགས་ཧྥ་རན་སི་ནས་ཕྱིར་རྒྱ་ནག་ལ་ཕྱིན་པ་ནས་བཟུང་གོ་ཐོས་མེད་པ་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་དྲུང་ཡིག་ཆེན་མོ་རྗོར་ཇན་སི་ཊོག་ (Jürgen Stock) གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། སྒྲིག་འཛུགས་དེའི་འགན་འཛིན་མོང་ཧོང་ཝེ་གར་སོང་ཆ་མེད་དུ་གྱུར་པའི་གནད་དོན་དེའི་ཐད་ཧྥ་རན་སི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་དཔོན་རིགས་ཚོར་འགན་འཁུར་ཡོད་སྐོར་བརྗོད་ཡོད་པ་དང་། ཕྱིས་སུ་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་འོག་འདྲི་རྩད་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

མོང་ཧོང་ཝེ་ལགས་རྒྱ་ནག་ལ་ཕྱིན་ནས་གར་ཡོད་ཆ་མེད་དུ་གྱུར་བ་ནས་བཟུང་། ཧྥ་རན་སིར་གནས་སྡོད་ཁོང་གི་བཟའ་ཟླ་དང་བྱིས་པ་བཅས་ལ་ཐེངས་གཅིག་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། ཁོང་གི་སྐོར་ལ་གསང་རྒྱ་དམ་པོ་བྱས་ཡོད་པས་རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་ཁོང་གི་ཁྲིམས་རྩོད་པ་སུ་ཡིན་མིན་དང་། ཁྲིམས་མཐུན་གྱི་ཚབ་མཚོན་མི་སྣ་ཞིག་ཡོད་མེད་ལ་དོགས་གཞི་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། ཁོང་གི་བཟའ་ཟླས་གནད་དོན་དེ་ལྐོག་རྔན་དང་འབྲེལ་བ་མེད་པར་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བཙོན་འཇུག་བྱས་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ (The International Criminal Police Organization ) ཀྱི་ཚོགས་ཆེན་ཐེངས་ ༨༥ པའི་ཐོག མོང་ཧོང་ཝེ་ལགས་སྒྲིག་འཛུགས་དེའི་འགན་འཛིན་དུ་བསྐོ་བཞག་བྱུང་ཞིང་། ཁོང་ནི་སྒྲིག་འཛུགས་དེའི་རྒྱ་རིགས་འགན་འཛིན་ཐོག་མ་དེ་ཆགས་ཡོད་སྟབས། རྒྱ་ནག་གཞུང་ཕྱོགས་ནས་ཁོང་ལ་དགའ་བསུའི་འཚམས་འདྲི་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་རྒྱ་མི་ཞིག་འགན་འཛིན་དུ་བསྐོས་པ་ནི་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་ལམ་གྱི་གྲུབ་འབྲས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་གི་ལས་དོན་བྱེད་ཕྱོགས་ལ་ངོས་འཛིན་བཟང་བོ་ཐོབ་པ་ཡིན་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ན་ཡང་། སྐབས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས། རྒྱ་ནག་དབུས་ཉེན་རྟོག་དཔོན་པོ་ཞིག་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་པར་བསྐོས་པ་དེས། ཕྱི་ཕྱོགས་ཀྱི་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་ཚོར་དམ་དྲག་ཤུགས་ཆེ་རུ་གཏོང་སྲིད་པའི་སེམས་འཚུབ་ཡང་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༢༠

Leave a Reply