ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐོག་གསུང་འཕྲིན་བསྩལ།

ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ པ་དབུ་འཛུགས་ཐོག་༧གོང་ས་མཆོག་གིས་ཆོས་ལ་དད་པ་བྱེད་མིན་སོ་སོའི་འདོད་པ་རེད་དེ། དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་ཆོས་ལ་དོ་སྣང་ཡོང་གི་ཡོད་པས་སངས་རྒྱས་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག དེ་རིང་ཕྱི་ཚེས་ ༢༡ ནས་ ༢༤ བར་གྱི་ཉིན་གྲངས་བཞིའི་རིང་སོག་པོའི་རྒྱལ་ས་ཨུ་ལཱན་པ་ཊར་(Ulaanbaatar)དུ།  ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ པ་འཚོག་བཞིན་ཡོད་པ་དང་། དེ་རིང་ལྷན་ཚོགས་དབུ་འཛོགས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  སོག་པོ་ཚོས་ཆོས་ཁས་ལེན་གྱི་ཡོད་མེད་ལ་མ་ལྟོས་པར་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་ནུབ་ཕྱོགས་ཀྱི་ཚན་རིག་པས་ཀྱང་དོ་སྣང་བྱེད་བཞིན་ཡོད་པས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར་གྱི་བརྙན་ལམ་གསུང་འཕྲིན་བསྩལ་འདུག

དེ་ཡང་བརྙན་ལམ་གྱི་གསུང་འཕྲིན་ནང་། ༧གོང་ས་མཆོག་གིས། ཕྱི་ལོ་ ༡༩༧༩ ལོར་ངོས་རང་ཚོགས་འདུ་དེའི་ཆེད་སོག་ཡུལ་དུ་བསླེབས་པ་རེད། ད་རེས་ཁྱེད་རང་ཚོས་ཚོགས་འདུ་ཚོགས་བཞིན་ཡོད་པར་ངོས་ནས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། གང་གི་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར༑ ༑དམ་པའི་ཆོས་ནི་སྟོན་མཛད་པ།་ཞེས་གསུངས་པ་དེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དད་པའི་སྐད་ཆ་གཅིག་པོ་མ་ཡིན་པར་ང་རང་ཚོར་སྡུག་བསྔལ་ཡོང་གི་ཡོད་པ་དེ་མ་རིག་པའི་དབང་གིས་ཡོང་གི་ཡོད་པ་དང་། མ་རིག་པ་ཟེར་བ་དེ་ཕྱིན་ཅི་ལོག་པའི་ལྟ་བ་ཡིན་བསྡད་ཡོད་པ་རེད།  ཕྱིན་ཅི་ལོག་པའི་ལྟ་བ་དེ་ཕྱིན་ཅི་མ་ལོག་པའི་ལྟ་བ་སྐྱེ་བའི་ཐོག་ནས་ཕྱིན་ཅི་ལོག་སེལ་དགོས་པ་དང་། དེ་ལ་བརྟེན་ནས་ཡོང་བསྡད་པའི་ཆགས་སྡང་གི་བློ་དེ་ཚོ་ཉུང་དུ་གཏོང་དགོས་པ་རེད།  ངོས་ནས་འཛམ་བུ་གླིང་གི་ཆོས་ལུགས་ཚང་མར་གུས་པ་བྱེད་བཞིན་ཡོད་དེ།  སེམས་མ་འདུལ་བའི་རྩ་བ་དེ་ཕྱིན་ཅི་ལོག་པའི་ལྟ་བས་བྱེད་ཀྱི་ཡོད་པ་དང་། དེ་སྤོང་ཐབས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བ་དེ་ཤེས་པའི་ཐོག་ནས་ཕྱིན་ཅི་ལོག་གི་ལྟ་བའི་རྐྱེན་རྩ་ཆ་ཚང་བཏོན་ཏེ། ཕྱིན་ཅི་ལོག་པའི་ལྟ་བ་དེ་རྒྱབ་རྟེན་ཚད་མ་མེད་པ་ཡིན་དུས་བརྟན་པོ་གང་ཡང་ཡོད་པ་མ་རེད།  ཕྱིན་ཅི་མ་ལོག་པའི་ལྟ་བ་དེ་རྒྱུ་མཚན་ལྡན་པ་ཡིན་དུས་རྒྱུ་མཚན་གྱིས་བསམ་བློ་ག་ཚོད་མང་བ་བཏང་ན་དེ་ཚོད་ཀྱིས་དེའི་ངེས་པ་ཇེ་བརྟན་དུ་འགྲོ་ཡི་ཡོད། སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བ་དེ་ཆགས་ཀྱི་ཡོད།

སངས་རྒྱས་ཀྱི་བསྟན་པ་འདི་ལ་ཀླུ་སྒྲུབ་ཡབ་སྲས་ཞེ་དྲགས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དེ་ཚོ་ཧ་ལས་པའི་རིག་པའི་གཞུང་གི་ཐོག་ནས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་ནས་ཡོང་གི་ཡོད་རེད། དེ་ནས་བོད་གངས་ཅན་གྱི་ལྗོངས་ལ་སྔ་འགྱུར་དང་གསར་མ་སོགས་ས་སྐྱ་དགེ་ལུགས་རིས་སུ་མ་ཆད་པའི་མཁས་པའི་དབང་པོ་ཚོས་གཙོ་བོ་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས་ལྟ་བ་གསུངས་ཡོད་པ་རེད། ཚིག་གི་འགྲེལ་བཤད་བསྐྱོན་སྟངས་ཕྲན་བུ་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད་ཀྱང་རྩ་བ་དེ་གཅིག་གྱུར་ཆགས་བསྡད་ཡོད་པ་རེད།  ལྷག་པར་དུ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོ་དང་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་རྩ་ཤེས་ཊིཀ་ཆེན་དང་མགོན་པོ་རབ་གསལ་སོགས་ཀྱི་སྙིང་པོ་བསྡུས་བཞག་པའི་དྲང་ངེས་ལེགས་བཤད་སྙིང་པོ་གསུངས་ཡོད། གཞུང་དེ་དག་གི་ཐོག་ནས་དབུ་མའི་ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་དཔྱིས་ཕྱིན་པའི་གཞུང་ཆེན་མོ་དེ་དག་ཚུལ་བསྒྲིགས་ནས་གསུངས་འདུག དེར་བརྟེན། དེ་ཚོའི་གྲས་དེ་ང་རང་ཚོས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་འདུག ཅེས་གསུངས།

ཡང་སོག་ཡུལ་དུ་ནང་ཆོས་དར་བའི་བརྒྱུད་རིམ་གྱི་སྐོར་ལ་༧གོང་ས་མཆོག་གིས། ཆེན་པོ་ཧོར་གྱི་ཡུལ་གྲུར་ཆ་བཞག་ན། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་ས་སྐྱ་བའི་ཆོས་བརྒྱུད་དར་སྲོལ་བྱུང་བ་རེད། དེ་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་བཟུང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་བསྟན་པ་ཁྱབ་སྟེ། འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་རིང་ཆེན་པོ་ཧོར་གྱི་ཡུལ་ནས་དངོས་གནས་དྲང་གནས་མཁས་པ་དང་གྲུབ་པའི་སྐྱེ་བོ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་རེད། དཔེན་ན་ངོས་རང་གི་མི་ཚེའི་ནང་ཆ་བཞག་ན། ཕྱི་ལོ་ ༡༩༥༨ ནས་ ༥༩ སྐབས་སུ་གདན་ས་ཁག་ཏུ་ཧོར་གྱི་ཡུལ་གྲུ་ཁག་ནས་ཡོང་བསྡད་པའི་མཁས་དབང་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་རེད། དཔེར་ན་སོག་པོ་དཔལ་ལྡན་ཆོས་རྗེ་ལེགས་བཤད་ལྟ་བུར་ཆ་བཞག་ན། བསྟན་པའི་བྱ་བ་རླབས་ཆེན་པོ་བསྒྲུབས་ཡོད་པ་རེད། ཅེས་གསུངས།

ཚོགས་འདུ་དང་འབྲེལ་བའི་སྐོར་ལ་༧གོང་ས་མཆོག་གིས། ཆེན་པོ་ཧོར་གྱི་ཡུལ་དུ་རྒྱལ་སྤྱི་རང་བཞིན་ལྡན་པའི་ནང་པའི་ཆོས་ཚོགས་འཚོག་ཐུབ་པ་བྱུང་བ་ཞེ་དྲག་ཡག་པོ་རེད། གཙོ་ཆེ་ཤོས་ནི་རྒྱུན་ཏུ་ཁྱེད་ཚོ་སོག་པོ་ཚོས་སངས་རྒྱས་པའི་ལྟ་གྲུབ་ལ་དོ་སྣང་བྱེད་དགོས་པ་རེད། ཆོས་ལ་དད་པ་བྱེད་མིན་སོ་སོའི་འདོད་པ་རེད། དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་ཆོས་ལ་དོ་སྣང་ཡོང་གི་ཡོད་པ་རེད། དེ་བས་སངས་རྒྱས་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་ཁྱེད་རང་ཚོའི་དགོངས་པར་འཇགས་པ་ཞིག་གནང་རོགས། དེས་མཚོན་པའི་ཉི་ཧོང་དང་ཝེ་ཊི་ནམ། ཀོ་རི་ཡ་དང་རྒྱ་ནག་གི་ནང་པ་ཚོ་ཡིན་ནའང་འདྲ། ནང་པའི་ཆོས་ཀྱི་དད་པ་ཙམ་མ་ཡིན་པར་ལྟ་གྲུབ་ལ་དོ་སྣང་མང་ཙམ་བྱས་ནས་སློབ་གཉེར་ཤུགས་ཆེ་ཙམ་བྱ་ཐུབ་པ་བྱུང་ན་དེས་ཏན་ཏན་ཕན་ཐོགས་ཡོད་པ་རེད། དེ་རིང་གི་གོ་སྐབས་འདི་བཟུང་ནས་ཁྱེད་རང་ཚོར་དེ་ཞུ་འདོད་བྱུང་སོང་། ཞེས་སོགས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༢༡

Leave a Reply